ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེར་བོད་ལྕགས་བྱི་ལོའི་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་སྲུང་བརྩི་ཞུས་པ།

གཤེན་གྱི་འབྱུང་ལྡན་༣༠༡བོད་རབ་མཛོད་ལྕགས་བྱི་ལོའི་ཧོར་ཟླ་༡ཚེས་༥ཉིན་འདི་ག་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ། ཕན་བདེའི་འབྱུང་གནས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ལ་སླར་ཡང་རྒྱལ་བ་གཉིས་པ་བྱོན་པ་ལྟ་བུའི་བཀའ་དྲིན་ལྷག་པར་དུ་ཆེ་བ་སྟེ། རྒྱུད་གསུམ་ཀུན་གྱི་མདོ་འཛིན་དང་མདོ་སྔགས་རྫོགས་གསུམ་གྱི་བསྟན་པའི་བདག་པོར་མཛད་པའི་ས་གསུམ་གྱི་འདྲེན་པ་ཆེན་པོ་མཁས་གྲུབ་སྤྱན་གཅིག་པའམ་རྗེ་བཙུན་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཡུལ་མདོ་ཁམས་རྒྱལ་མོ་རོང་དུ་སྐུ་འཁྲུངས་ནས་མི་ལོ་༦༦༤འཁོར་བའི་དུས་ཆེན་ཁྱད་པར་ཅན་དེ་ཉིད་བསྲུང་བརྩི་ཟབ་རྒྱས་ཞུས། དེ་ཡང་ཧོར་ལུགས་ཟླ་བ་༡ཚེས་༣དང་། ཕྱི་ལོ་༢༠༢༠ལོའི་ཟླ་བ་༢པའི་ཚེས༢༦ཉིན་གཙུག་ལག་ཁང་དུ་གྲྭ་མང་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་བཅའ་བཀོད་དང་རྣམ་ལྔའི་མཆོད་པ་སོགས་ཀྱི་མཆོད་བཟོའི་བཤམ་བདར་ལེགས་པར་གནང་སྟེ་སྔོན་འགྲོའི་ཆོ་ག་ལེགས་པར་གྲུབ་པ་གནང་ཞིང་། སྤྱི་ཚེས་༢༧ཉིན་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་འདུས་མང་ཡོངས་ཀྱིས་གཙུག་ལག་ཁང་དུ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཕྱོགས་བཅུའི་བདེར་གཤེགས་སྟོང་གི་མཚན་བརྗོད་ཀྱི་སྒོ་ནས་དངོས་གཞི་འཕྲིན་ལས་ཀྱི་གཞུང་བསྲངས། བོད་ཚེས་༥དང་ཕྱི་ཚེས་༢༨ཉིན་ཐོག་མར་ཞོགས་པ་ཕྱག་ཚོད་༤པའི་ཐོག་རྒྱལ་བསྟན་འདུལ་བའི་མངའ་བདག་རྒྱལ་བ་མཉམ་མེད་པའི་དུས་ཆེན་ཁྱད་པར་ཅན་སྐལ་བཟང་ཚེས་བཟང་གི་ཉིན་མོ་འདི་དང་སྟབས་བསྟུན་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་རྣམ་པ་གཉིས། དེ་བཞིན་འདིར་འཁོད་དྲང་སྲོང་པ་རྣམས་མཁན་སློབ་དཔང་པོ་བཅས་ཀྱི་ཚུལ་མཛད་དེ་རྗེ་མཉམ་མེད་ཆེན་པོའི་འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ལྟར་ཕོ་མོ་བཅུ་ཕྲག་ཙམ་ལ་རབ་བྱུང་གི་བསླབ་སྡོམ་འབོག་གནང་མཛད། དེ་ནས་ཕྱག་ཚོད་༩ཐོག་ལྷ་སྡེ་མི་མང་མཉམ་འཛོམས་ཀྱིས་མཉམ་མེད་ཆེན་པོའི་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་གདན་དྲངས་ཏེ་ཞལ་སྐོར་སེར་ཕྲེང་དང་མཆོད་རྔ་ཆེན་མོ་བརྡུང་ཞིང་རྣམ་དག་འདུལ་བའི་གསོ་སྦྱོང་འཚོགས། དེ་ནས་འཆད་རར་ཐལ་ངག་རྩོད་སྒྲའི་བོན་དབྱངས་སྒྲོག་རྗེས་བསྟན་རྒྱས་སྨོན་ལམ་གསུངས་པ་དང་། བསང་གསོལ་ཀླུང་རྟ་བསྒྲོན་ཞིང་བཀྲ་ཤིས་ཕྱེ་མར་ཀྱི་མཆོད་ཁས་ལྷ་རྒྱལ་གསོལ་ཏེ་དར་ཆེན་མཁའ་དབྱིངས་སུ་བསྒྲེངས་པ་སོགས་མཛད། ཉིན་གུང་མི་མང་རྣམ་པར་རྗེ་རིན་པོ་ཆེའི་རྣམ་ཐར་སྒྲོག་སྦྱང་གིས་རྒྱལ་བ་མཉམ་མེད་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པར་བྱས་ཤིང་། ཉིན་རྒྱབ་ཏུ་གོང་མའི་ཕྱག་སྲོལ་ཐུགས་དམ་བཅའ་ཡིག་རིན་པོ་ཆེ་འདུས་ཚོགས་སུ་བསྒྲགས། ཕྱི་དྲོར་འདུས་མང་ནས་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་དབྱངས་སུ་གྱེར་ཏེ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས་དྲག་པོས་དབང་བཞིའི་བྱིན་རླབས་ཞུ་ཐིམ་གནང་། དགོང་མོ་ཕྱག་ཚོད་ ༧ ཙམ་ནས་བླ་མ་མཆོད་པ་གསུངས་ཤིང་གཙུག་ལག་ཁང་ཕྱི་ནང་དུ་མཆོད་རྔ་ཆེན་མོ་བརྡུང་། སེར་སྐྱ་མི་མང་ཡོངས་ནས་རྗེ་རིན་པོ་ཆེའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་སྣང་གསལ་མར་མེའི་མཆོད་པ་ཕྲེང་དུ་བསྟར་བ་དང་མཉམ་མེད་སྐུ་བརྙན་རིན་པོ་ཆེར་མཇལ་དར་ཕུལ་བ་སོགས། མདོར་ན་ཉིན་འདིར་སྙིང་པོ་བཟླས་བརྗོད་དང་གསོལ་འདེབས་དབྱངས་གྱེར། ཕྱག་སྐོར་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་སོགས་ལུས་ངག་ཡིད་གསུམ་དགེ་བའི་བོན་སྤྱོད་ཀྱིས་དུས་འདའ་བར་བྱས་ཏེ་རྒྱལ་བ་མཉམ་མེད་པའི་འཁྲུངས་མཆོད་ཆེན་མོ་དེ་ཉིད་བསྲུང་བརྩི་ལེགས་པར་ཞུས་པའི་གནས་བསྡུས་སུ་སྐྱ་ཀ་ཁྲ་བོ་ནས།

ཕྱི་ལོ་ ༢༠༢༠ ༢ ༢༧ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

106921cookie-checkགདན་ས་ཁྲི་བརྟན་ནོར་བུའི་རྩེར་བོད་ལྕགས་བྱི་ལོའི་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་སྲུང་བརྩི་ཞུས་པ།
(སྤྱིའི་གཟིགས་གྲངས། 887 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།