ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཚུལ་ཁྲིམས་མཁས་གྲུབ་ཀྱི་སྙན་དེབ་རྩོམ་གསར་ཐོན་པ།

     གླེང་བརྗོད་ཚོར་བའི་འཕར་ལྡིང་།

            སྙན་ངག

ཚོར་བའི་འཕར་ལྡིང་། ལྟ་བའི་རླབས། འཚོ་བའི་ཉམས། འཇིག་རྟེན་ནི་དེ་དག་གིས་གྲུབ་ཡོད། ཚོར་བ་ཡོད་ཚད་བསམ་པས་མི་ཟིན་ལ། འདུ་ཤེས་ཡོད་ཚད་ཚད་ག་ལ་འཛིན་ཐུབ། གང་ལྟར་དེ་དག་གི་གསེང་ནས་བཟང་ལེན་སྙིགས་དོར་བྱེད་མཁས་པ་ནི་མི་ཡིན། དེའི་ནང་ནས་ཟབ་མོ་ཤེས་རབ་ཅན་གྱི་མི་དེ་ཚོ་ཡིན། དེ་ལྟ་བུའི་གསེང་ནས་ཚོར་བས་དྲངས་པའི་ལྟ་སྒོམ་སྤྱོད་གསུམ་ཡོད་ལ། ཚོར་བས་དྲངས་པའི་འཇིག་རྟེན་གྱི་བཀོད་པའང་ཡོད། ཚོར་བས་དྲངས་པའི་གཉེན་ཉེ་ཡུལ་ཚན་ཡོད་པ་བཞིན་སྙན་ངག་ནི་ཚོར་བས་དྲངས་པའོ།། དེ་བཞིན་ལྟ་བའི་རླབས་རིས་ཚོར་བའི་ཉམས་འགྱུར་སོགས་ཁོག་ཏུ་མ་སྦས་པར་ཁ་ནས་བཏོན། ཚོར་བ་བཞིན་ཤོག་ཐོག་ཏུ་བྲིས་པ་ནི་སྙན་ངག་གོ དུས་གསུམ་གྱི་འཚོ་བའི་ཁྲོད་ནས་སྙན་ངག་པ་ཚོས་སྔར་སྙན་ངག་མང་པོ་བྲིས་ཟིན་པ་དང་། ད་ལྟ་འབྲི་བཞིན་པ། མ་འོངས་པར་འབྲི་ངེས་སུ་ལགས།

སྙན་ངག་གི་མི་རབས།

འདས་སོང་གི་སྙན་ངག་པ་དེ་དག་གི་རྗེས་སུ་ཞུགས་པའི་ན་གཞོན་ནི་དེང་དུས་མང་པོ་འདུག་ལ། ལྷག་པར་དུས་རབས་ཉི་ཤུའི་ཡན་གྱི་མི་ཡི་སྙན་ངག་གི་ཚད་ཐིག་ལས་ཕར་ཆེར་བརྒལ་བའི་ན་གཞོན་སྨྱུག་ཐོགས་པ་སྐྱ་སེར་གཉིས་ལས་སྐྱ་བོའི་ཁྲོད་དུ་འཚར་ལོངས་མང་དུ་བྱུང་བ་ནི་རང་རིགས་ཚོས་དགའ་སྤྲོའི་གནས་སུ་འཁུམས། དེ་བཞིན་དགོན་སྡེ་ཁག་ནས་སྙན་རྩོམ་ཕྱོགས་བསྡུས་སྤེལ་མཁན་གྱི་སེར་མོ་བ་མང་དུ་བྱུང་དང་འབྱུང་བཞིན་ཡོད་པ་ནི་ང་ཚོས་སྤོབས་པ་བསྐྱེད་ཆོག་པ་ཞིག་ཏུ་ལོས་ཡིན། ལྷག་པར་དུ་དགོན་པ་ནི་རིག་གནས་ཀྱི་གཏེར་མཛོད་ཡིན་ལ། དེང་དུས་ལ་མཚོན་ན་ཕ་སྐད་མ་ཡིག་སྲུང་སྐྱོབ་ཀྱི་ལྕགས་རི་བཙན་པོ་མ་གཅིག་པུ་དེ་ཡིན་པས་སོ།།

བསམ་པའི་མཚོན་བྱེད།

ལྷག་པར་དུ་སྙན་ངག་ནི་ཚོར་འདུ་ལས་བྱུང་ཞིང་། ཚོར་འདུ་དེ་ཡང་ཡ་མཚན་ཅན་གྱི་སྒྱུ་རྩལ་གྱི་ཚོར་འདུ་ལས་གྲུབ་པ་ཞིག་ཡིན། དེར་མ་ཚད་ཚོར་འདུ་དེས་དྲངས་པའི་སྙན་ངག་གིས་མི་མང་པོ་ཞིག་གི་བསམ་པའི་ཚབ་བམ་མཚོན་བྱེད་དུ་གྲུབ་པ་ཡིན་ལ། དཀའ་སྡུག་ཅི་བྱུང་དག་སྙན་ངག་ཏུ་ཕབ་པ་དེས་མི་མང་པོ་ཞིག་ལ་སེམས་ཤུགས་སྤར་ཐུབ་པ་དང་། དགའ་སྐྱོ་ཆགས་སྡང་སོགས་འབྱིན་ཐུབ་པས། དོན་དུ་སྙན་ངག་ནི་ཁོ་བོས་མང་པོའི་ཚོར་འདུ་ཡི་ཚབ་མ་ཞིག་ཏུ་ངོས་འཛིན་བྱས་ན་ཆོག་པར་སྙམ། འདི་ཡང་དེ་ལས་མ་འདས་སོ།།

འོས་འགན།

དེ་བཞིན་སྙན་ངག་དང་རྩོམ་རིག་ལ་བྱང་ཚད་མཐོ་རུ་སོང་རིམ་བཞིན། འཚོ་བའི་མདུན་རྒྱབ། ལུགས་གཉིས་ཀྱི་བསམ་བློའི་ལྟ་ཕྱོགས། མི་མང་གི་སྐྱིད་སྡུག་ཚོར་འདུ། མདོར་ན་རིག་གནས་དང་སྤྱི་ཚོགས་ཀྱི་དགའ་སྐྱོ་ཆགས་སྡང་། ལངས་ཕྱོགས་བཅས་དངོས་ཐོག་བདེན་འཚོལ་དང་། དོན་དངོས་གང་ཡིན་གསལ་སྟོན་དགོས་པའི་ལས་འགན་ཡང་ལྗི་རུ་འགྲོ་བར་ངེས་ཤིང་། དེ་ཡང་ཡུལ་དུས་རྐྱེན་སོགས་ཀྱི་ཚོར་འདུ་སྣ་ཚོགས་པ་དག་གབ་སྦས་མེད་པར་ཚིག་གི་ལམ་ནས་བརྡ་ལན་སྤྲད་ས་ལ་འཕྲོད་ངེས་སུ་བརྡ་ཐབས་རྩལ་སྦྱོང་རིགས་མང་དུ་བྱེད་དགོས་པར་ངེས། ཁོ་བོས་ཀྱང ༼ཐོག་མའི་ཟིན་བྲིས་༽ཞེས་པའི་དམིགས་ཡུལ་ཡང་དེ་བཞིན་ཡིན་ནོ།།

 སྙན་ངག་པར་བྱེད་འདོད་ན།

དཔའ་བོ་བཞིན་དྲག་རྩལ་སྦྱང་དགོས་ལ། མཛེས་མ་བཞིན་ལང་ཚོ་ངོམ་དགོས། བུ་མོ་བཞིན་མི་ཚེ་གཅིག་གི་ནང་ལ། མནའ་མ། ཨ་མ། ཨ་ཕྱིའམ་ཨ་བུ་བཞིན་སྙན་ངག་གི་འཁྲབ་རྩལ་འདྲ་མིན་སྣ་ཚོགས་བྱང་ཆུབ་པ་ཞིག་སྦྱང་དགོས།

༼ཐོག་མའི་ཟིན་བྲིས་༽ཞེས་པའི་སྙན་དེབ་འདི་སློབ་གཉེར་བར་གསེང་གྱི་དུས་ཚོད་བེད་སྤྱད་ནས་ལོ་གྲངས་དུ་མར་རྔུལ་ཆུས་བསྐྲུན་པའི་སྙན་ཚིག་རྣམས་ཕྱོགས་གཅིག་ཏུ་སྦམས་ཏེ་འདི་ལོར་དཔར་སྐྲུན་བྱེད་ཁུལ་དུ་བྱས་པ་ཡིན། སྤྱིར་སྙན་ཚིག་ཐར་ཐོར་རེ་ཕྱོགས་བསྡུས་བྱས་ནས་སྤེལ་བ་ལ་ཧ་ལས་དགོས་པ་གང་ཡང་མེད་མོད། དེ་ལས་རིག་གཞུང་ཞིབ་འཇུག་དང་། ལོ་རྒྱུས་དཔྱང་བརྗོད། གཞུང་དོན་གསེད་བཀྲོལ་བཅས་མདོར་ན་བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་འགྲེལ་བརྗོད་གནང་མཁན་གྱི་དཔྱོད་ལྡན་རྣམས་ལ་བསྔགས་བརྗོད་དང་ཡིད་རངས་བྱེད་དགོས་པའི་གནས་སུ་ལགས། ད་ལན་ཁོ་བོས་ཀྱང་སྔ་རྗེས་སུ་བྲིས་པའི་རྩོམ་རྣམས་དེབ་གཟུགས་སུ་བསྐྲུན་དགོས་པའི་དམིགས་ཡུལ་གཅིག་ནི་བདག་གི་སྙན་ངག་དགེ་རྒན་༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེས་འདི་ལྟར་བསྐྲུན་ཐུབ་ན་དགེ་མཚན་ཆེ་སྐོར་གྱི་བཀའ་སློབ་ཕེབས་པ་དང་། གཉིས་ནི་ཕ་ཡུལ་གྱི་གཞོན་སྐྱེས་རྣམས་ལ་སྙན་ངག་གི་ཕྱོགས་ལ་གོ་རྟོགས་ཏོག་ཙམ་བྱུང་ན་བསམ་པའི་ཀུན་སློང་ལ་བརྟེན་ནས་སྤེལ་བ་ཡིན།

གོང་གི་རྒྱུ་མཚན་དེ་དག་གཞིར་བཟུང་བདག་གིས་མོས་ཕྱོགས་བཞིན་དུ་འབད་པ་ལྷུར་བླངས་ནས་བྲིས་པའི་སྙན་ཚིག་འདི་དག་ནི་ཚོར་འདུ་དང་ཚོར་བའི་རི་མོ་ཡིན་ཕྱིར་མང་པོ་ཞིག་གི་ཚོར་འདུའི་ཚབ་ལགས་པས་བལྟ་ཀློག་སྦྱོང་འཚོལ་བྱས་ན་ཚོར་འདུ་འདྲ་མིན་རྙེད་རྒྱུ་འདུག་པ་བཅས་སོ།།

རླུང་ཞགས་ཀྱིས་སྤྱི་ལོ༢༠༢༡ ༢ ༣ཉིན་བྲིས།

གནས་ཚུལ་མཁོ་འདོན་པ་རྩོམ་པ་པོ་རླུང་ཞགས།

(སྤྱིའི་གཟིགས་གྲངས། 818 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བགྲེས་པོའི…
error: རྩོམ་འདི་བདག་དབང་ཅན་ཡིན།