ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།

༧གསང་གསུམ་བོན་གྱི་མཛོད་འཛིན་སྙིགས་དུས་ཀྱི་འདྲེན་མཆོག་བླ་ན་མེད་པ་ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ལྷག་པའི་སྨྲ་དབང་ཡོངས་འཛིན་བླ་མའི་མཛད་ཕྲིན་གྱི་ཆ་ཤས་ཏེ། གདན་ས་ཁྲི་བརྟན་ནོར་བུའི་རྩེའི་དགོན་སྡེ་ཕྱག་བཏབ་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་གསར་དུ་དབུ་བརྙེས་པ་ནས་བཟུང་། སྨྲ་དབང་ཆེན་མོའི་ཐུགས་བསྐྱེད་ལམ་སྟོན་དང་། མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་འོག་ད་བར་ཧི་མ་ལ་ཡའི་རི་རྒྱུད་གློ་དོལ་གཉིས་དང་བོད་མདོ་དབུས་ཁམས་གསུམ་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་གཉེར་བ་རྣམས་ལ་ཐོས་བསམ་འཆད་ཉན་གྱི་བཀའ་དྲིན་བསྩལ་གནང་མཛད་པར་བརྟེན། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་བཅས་འཛོམས་པའི་དགེ་བའི་བཤེས་གཉེན་དང་གཤེན་གྱི་རྣལ་འབྱོར་པ་གྲངས་འབོར་གང་མང་སྐྱེད་བསྲིང་བྱུང་སྟེ། འཇིག་རྟེན་ཕན་བདེའི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ་ནི། བལ་པོའི་རྒྱལ་ཁབ་ཏུ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཡིན་ཞེས་གླེང་ཆོག་པར་གྱུར་ཡོད། 

འདི་ལོར་ཡང་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་ཕྱི་ལོ་ ༢༠༢༡ ༢ ༡༧ དང་། བོད་ལྕགས་གླང་ལོ་ཧོར་ཟླ་དང་པོའི་ཚེས་དྲུག་ཉིན་དངོས་སུ་དབུ་འཛུགས་གནང་སྟེ། སྔ་དྲོ་ཕྱག་ཚོད་དགུ་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་མཁན་སློབ་རྣམ་པ་དང་། བཀའ་རམས་པ་གཡུ་ཐོག་དྲང་སྲོང་ཀུན་སྐྱོང་དབང་གི་རྒྱལ་པོ་དང་། བཀའ་རམས་པ་འབོ་རུ་དྲང་སྲོང་ཚུལ་ཁྲིམས་གཙུག་ཕུད་རྒྱལ་མཚན། བཀའ་རམས་པ་འགྲུ་རིགས་དྲང་སྲོང་ཁྲི་ལྡེ་ཚུལ་ཁྲིམས་རྒྱ་མཚོ་གཙོས་བཀའ་རམས་པ་རྣམ་པ་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདནའདྲེན་ཞུས། འདུས་མང་ཡོངས་དང་བཀའ་རམས་པ་རྣམ་པ་གསུམ་གྱིས་གདན་ཞུའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་བསྙེན་བཀུར་མང་ཇའི་མཆོད་སྤྲིན་རྒྱས་འབུས་ཞུས་པ་དང་འབྲེལ། ༸སྐྱབས་རྗེ་སློབ་དཔོན་ཚངས་པ་རིན་པོ་ཆེ་མཆོག་ནས་མཆོད་ཚིག་གིས་མདུན་བསུས་ཏེ་བཤད་པ་དབུ་འཛུག་གནང་རྗེས་སུ་བཀའ་རམས་པ་རྣམ་པ་གསུམ་གྱིས་རིམ་བཞིན་བཤད་པ་ཕུལ། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་ཉིན་དང་པོའི་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ།

བཀའ་རམས་པ་གཡུ་ཐོག་ཀུན་སྐྱོངས་དབང་གི་རྒྱལ་པོ་ནི་གློ་སྨད་ཀླུ་བྲག་ཞེས་པ་རུ་ཕྱི་ལོ་ ༡༩༩༡ ལོར་ཡབ་སྟག་ལ་དང་། ཡུམ་སངས་རྒྱས་གཉིས་ཀྱི་རིགས་སྲས་སུ་འཁྲུངས། ཆུང་དུས་ཞུ་ཚང་བ་བླ་མ་གཡུང་དྲུང་རྒྱལ་མཚན་རིན་པོ་ཆེས་ཉི་མ་དགྲ་འདུལ་ཞེས་མིང་བསྩལ་གནང་མཛད། རང་ལོ་བདུན་ཙམ་ནས་shree Lupra Basic school སློབ་གྲར་ལོ་གསུམ་རིང་དབྱིན་བལ་ལ་སྦྱངས་བརྩོན་བྱས། དེ་ནས་ཕྱི་ལོ་༢༠༠༡ ཕྱི་ཟླ་ ༢ ཕྱི་ཚེས་ ༢༨ ཉིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྒྲིགས་ཁོངས་སུ་བཞུགས། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མདུན་དུ་སྐྲ་ཕུད་ཕུལ་ནས་མིང་དུ་བསོད་ནམས་རྒྱ་མཚོ་ཞེས་བསྩལ་གནང་མཛད། ལོ་གསུམ་ཙམ་རིང་སྒྲུབ་གྲའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེའི་མདུན་ནས་བོད་ཡིག་བྲིས་ཀློག་འདོན་གསུམ་སྦྱངས། དེ་རྗེས་བཤད་གྲ་བའི་སྒྲིགས་ཁོངས་སུ་བཞུགས་ནས་བཟུང་རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་ཆེན་བསྟནཔགཡུང་དྲུང་རིན་པོ་ཆེ། དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་དབུས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་ནས་མདོ་སྔགས་སེམས་གསུམ་དང་། ཐུན་མོངས་རིག་གནས་བཅས་ལ་ཐོས་བསམ་བྱས། སྤྱི་ལོ་༢༠༠༨ ལོའི་བོད་ཟླ་བཅུ་གཉིས་པའི་བོད་ཚེས་བཅོ་ལྔ་སྟེ་བདག་ཅག་སྟོན་པའི་འཁྲུངས་མཆོད་ཉིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུ་ཞིང་མིང་དུ་ཀུན་སྐྱོངས་རྒྱལ་པོ་ཞེས་བརྩལ་གནང་མཛད་ལ། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༣མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ། མཁན་ཆེན་བསྟན་པ་གཡུང་དྲུང་རིན་པོ་ཆེ། དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་ཁོང་རྣམ་པའི་མདུན་ནས་དབང་ལུང་མང་དུ་ཞུ་ཞིང་། ཁྱད་པར་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་དྲང་སོང་གི་སྡོམ་པ་ཞུ། ད་ལྟ་དགོན་པའི་མགྲོན་གཉེར་གྱི་ལས་འགན་ཁུར་བཞིན་པ་དང་། འདི་ལོར་བཀའ་རམས་པའི་མཚན་གནས་གནང་ཞིང་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ « ཡེ་དབང་བཞེད་པའི་འབངས » ཞེས་གནང་བ་དང་། རང་ལོ་སོ་གཅིག་སྟེ་འདི་ལོ་༢༠༢༡ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་ཤར། 

བཀའ་རམས་པ་འབོ་རུ་དྲང་སྲོང་ཚུལ་ཁྲིམས་གཙུག་ཕུད་རྒྱལ་མཚན་ལགས་ནི། འབོ་རུ་བསོད་ནམས་སྐལ་སྐྱབས་དང་། སྐྱ་བཟའ་ནོར་དཔལ་གཉིས་ཀྱི་རིགས་སྲས་སུ་ཕྱི་ལོ་ ༡༩༨༢ ཟླ་ ༡༡ ཚེས ༢༣ ཉིན་འཁྲུངས། རང་ལོ་བརྒྱད་ཐོག་ཨ་ཞང་དམ་པ་སྐྱ་ཤོག་རྒྱལ་མཚན་ལགས་དང་། གཅེན་པོ་ཚེ་རིང་དོན་གྲུབ་གཉིས་ཀྱི་དྲུང་ནས་ཡི་གེ་བསླབ། རང་ལོ་བཅུ་བདུན་ཐོག་བླ་མ་གཙུག་ཕུད་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་བོན་སྔོན་འགྲོ་དངོས་གཞི་སྦྱངས། ཕྱི་ལོ་ ༢༠༠༤ ལོར་གདན་ས་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ནས་སྐྱབས་རྗེ་མཁན་སློབ་རྣམ་པའི་གསེར་ཞལ་མཇལ་ཏེ་མཚན་ཉིད་པའི་སྒྲིག་ཁོངས་སུ་ཞུགས། མདོ་སྔགས་རིག་གནས་དང་བཅས་པ་སྦྱངས། དབང་ལུང་ཁྲིད་གསུམ་དང་བཅས་པ་ཞུས་ནས། ༢༠༡༨ ལོར་བཤད་གྲྭའི་སློབ་ཚན་རྫོགས་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་བཀའ་དགོངས་ལྟར་ཀླུ་བྲག་ཕྱ་སྲས་ཀེང་ཙེའི་་སློབ་གྲྭ་རུ་དགེ་རྒན་ལོ་གཉིས་རིང་གནང་། ཕྱི་ལོ་ ༢༠༢༠ ལོར་བཀའ་རམས་པའི་མཚན་བཏག་གནང་ཞིང་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ « སྨྲ་སེང་རིག་པའི་རལ་གྲི། » ཞེས་གནང་བ་དང་། འདི་ལོ་༢༠༢༡ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་ཤར། 

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཞུང་ཆེན་ཆེད་སྦྱོང་སློབ་ཐོན་པ་བཀའ་རམས་པ་ཁྲི་ལྡེ་ཚུལ་ཁྲིམས་སམ་ཁྱུང་ཁྲི་ལྡེ་ལགས་ནི་ལགས་ནི་བོད་ལྗོངས་ཆབ་མདོའི་མངའ་ཁོངས་ཁྱུང་པོ་སྟེང་ཆེན་རྫོང་གཏམ་སྟོད་ཞེས་པའི་ས་གནས་སུ་ཕྱི་ལོ་ ༡༩༨༢ ལོར་འཁྲུངས། ཁོང་ཉིད་ཞིང་འབྲོག་གི་འཚོ་བའི་ཁྲོད་ནས་རིམ་པས་འཚར་ལོངས་བྱུང་སྟེ་ཡབ་གྱི་མདུན་ནས་ཡི་གེ་ཀློག་འདོན་སྦྱངས། བོན་རྒན་འབུ་མཛད་བསྟན་འཛིན་རྣམ་རྒྱལ་མདུན་ནས་ཡིག་གཟུགས་འབྲུ་ལྗིབ་གཟབ་གསུམ་འབྲི་རྒྱུ་སྦྱངས་པ་དང་། གཏམ་སྟོད་རྒྱལ་སྒོ་དགོན་དུ་འབུད་རྡུང་དཀྲོལ་གསུམ་གར་འཆམ་བཅས་སྦྱངས། ཕྱི་ལོ་ ༡༩༩༩ ལོར་དགུང་ལོ་བཅོ་བརྒྱད་ཐོག་ཁྱུང་པོ་སྟེང་ཆེན་དགོན་དུ་མཁན་པོ་རྒྱ་མཚོ་རིན་པོ་ཆེའི་མདུན་ནས་རབ་བྱུང་ཞུས་ཏེ་སྟེང་དགོན་གྱི་སྒྲུབ་གྲྭའི་ནང་ཞུགས། ཤར་རྫའི་མཛོད་ཆེན་ལྔ་སོགས་ནང་དོན་རིག་པའི་སྐོར་དང་། དག་སྙན་ངག་སོགས་ཐུན་མོང་གི་རིག་གནས་དང་།  བོན་སྔོན་འགྲོ་དངོས་གཞི་འཕོ་བ་རྩ་རླུང་མུན་མཚམས་རིགས་དྲུག་རང་སྦྱོང་ཐར་ལམ་སྡེ་དྲུག་སོགས་སྦྱངས། ཟུར་དུ་གྱེར་ཕྲིན་ལས་དང་བཅའ་འདོན་རྡུང་གསུམ་འབུད་རྡུང་དཀྲོལ་གསུམ་བཅས་སྦྱངས།  ཕྱི་ལོ་ ༢༠༠༣ ལོ་ཟླ་ ༣ པའི་ཚེས་ ༣ ཉིན་སྒྲུབ་གྲྭ་ཐོན། ཕྱི་ལོ་ ༢༠༠༤ ལོར་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པའི་གསེར་ཞལ་མཇལ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་མཁན་སློབ་དགེ་རྒན་རྣམ་པའི་མདུན་ནས་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དང་། ཐུན་མོང་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་མུ་མཐུད་གནང་ཏེ་དབང་ལུང་ཁྲིད་གསུམ་གྱི་བྱིན་རླབས་གང་མནོས་ཞུ་བའི་གོ་སྐབས་ཐོབ། ཁོང་གིས་སློབ་གཉེར་གནང་བའི་བརྒྱུད་རིམ་ཁྲོད་ནས་ཕྱི་ལོ་ ༢༠༠༥ ལོར་གདན་ས་འདིར་ཡིག་གཟུགས་ཀྱི་འགྲན་བསྡུར་སྐབས་སྒུར་ཡིག་ཨང་གསུམ་པ་ཐོབ་པ་དང་། ཕྱི་ལོ་ ༢༠༠༦ ལོར་གདན་ས་འདིར་རྩོམ་རིག་འགྲན་བསྡུར་སྐབས་ཨང་གསུམ་པ་ཐོབ། ཕྱི་ལོ་ ༢༠༡༥ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བྲིས་རྒྱུགས་ཨང་དང་པོ་བཅས་ཐོབ་མྱོང་། རྩོམ་རིག་སྐོར་ནས་དཔྱད་རྩོམ་དང་སྙན་རྩོམ་གཞས་ཚིག་སོགས་རྒྱལ་ཕྱི་ནང་གི་དུས་དེབ་དང་དྲ་རྒྱ་འོད་ལྡེར་སོགས་བརྒྱུད་ལམ་ཁག་ནས་གང་མང་སྤེལ་མྱོང་བ་མ་ཟད་ཀློག་པ་པོ་མི་ཉུང་བ་ཞིག་གིས་དགའ་བསུ་ཡང་ཐོབ་མྱོང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སློབ་ཡུན་རྫོགས་ཟིན་ནས་སླར་ཡང་གཞུང་ཆེན་ཆེད་སྦྱོང་འཛིན་གྲྭ་ནང་ཞུགས་ཏེ་ལོ་གསུམ་རིང་རྫོགས་ཆེན་ཆེད་སྦྱོང་གནང་།  གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སློབ་ཡུན་རྫོགས་ཟིན་ནས་སླར་ཡང་གཞུང་ཆེན་ཆེད་སྦྱོང་འཛིན་གྲྭ་ནང་ཞུགས་ཏེ་ལོ་གསུམ་རིང་རྫོགས་ཆེན་ཆེད་སྦྱོང་གནང་། ཕྱི་ལོ་༢༠༢༡ ཟླ་བ་༠༡ པོའི་ཚེས་༢༨ བོད་ལྕགས་བྱི་ལོའི་ཧོར་ཟླ་༡༢པའི་ཚེས་༡༥སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་ཆེན་མོའི་ཉིན་གཞུང་ཆེན་ཆེད་སྦྱོང་སློབ་ཐོན་པའི་ཕྱག་འཁྱེར་ཐོབ། སློབ་གཉེར་གྱི་ཞོར་དུ་དཔེ་ཁྲིད་དགེ་རྒན་གནང་གི་ཡོད་པ་མ་ཟད། གདན་ས་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཀྱི་ཕྱག་ལས་ལོ་མང་རིང་གནང་བ་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་བཞི་པའི་ཚོགས་གཙོའི་འགན་ཡང་བཞེས། ཕྱི་ལོ་ ༢༠༡༥ ནས་བཟུང་ད་བར་དུ་མེ་ལོང་ཡེ་ཤེས་ཀྱི་དྲ་རྒྱའི་ཕྱག་ལས་གནང་དང་གནང་མུས་ཡིན། དེ་བཞིན་ཧི་མ་ལ་ཡའི་རིག་གཞུང་སློབ་དེབ་རྩོམ་སྒྲིག་ཚོགས་པར་མཉམ་ཞུགས་གནང་ནས་ལས་འགན་ཁུར་དུས་བཞེས་ཏེ་<<རིག་གཞུང་སློབ་དེབ་ཧི་མ་ལ་ཡི་འོད་སྣང་>>ཞེས་པའི་སློབ་དེབ་འཛིན་གྲྭ་བརྒྱད་པའི་བར་རྩོམ་བསྒྲིགས་བྱས་པ་དེ་ཉིད་ད་ཆར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གྲྭ་ཁག་ནས་བེད་སྤྱོད་བྱེད་འགོ་ཚུགས་ཡོད། ད་དུང་ཕྱོགས་མང་ཤེས་ཡོན་གྱི་ཉམས་མྱོང་གསོག་ཕྱིར་རིས་མེད་ཆོས་བརྒྱུད་བགྲོ་གླེང་དང་། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་བཅས་ཀྱི་ནང་དུ་མཉམ་ཞུགས་བྱས་ནས་གཏམ་བཤད་སྤེལ་བའི་གོ་སྐབས་ཀྱང་ལེན་མྱོང་། ལར་ན་ཁོང་ཉིད་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ལ་ཉེ་ལེན་གྱི་བརྩོན་འགྲུས་ཐང་ལྷོད་མེད་པའི་སློབ་གཉེར་བ་ཞིག་ཡིན་སྟབས། སྦྱང་བྱའི་སློབ་ཚན་གང་ཞིག་ཡིན་ནའང་འདམ་ཀ་མེད་པར་དོན་གཉེར་གྱི་བརྩོན་འགྲུས་དྲག་པོས་ལག་རྗེས་མ་ཐོན་བར་དུ་ཨུ་ཚུགས་མཐའ་སྐྱེལ་གྱིས་སྦྱོང་བའི་གོམས་གཤིས་ཡོད་པས། གཞུང་ལུགས་དང་ལོ་རྒྱུས་རིག་གནས་ཕྱོགས་རེ་རེ་ཙམ་མ་ཡིན་པར། གང་ཅིའི་ཐད་ནས་སྦྱངས་འབྲས་འབུར་དུ་ཐོན་ཞིང་སྐུ་ཡོན་ཕུན་སུམ་ཚོགས་པོ་ཡོད་པ་རེད།  ད་ལན་ཁོང་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པ་དང་དུས་མཚུངས་སུ་<<ཞང་བོད་ཀྱི་རིག་གྲོང་འགྲིམས་པའི་གཤེན་སྐད་>>ཅེས་པའི་དཔྱད་རྩོམ་དེབ་གཅིག་དང་། <<གངས་འབྲོང་གི་རྣམ་ཤེས་>>ཞེས་པའི་སྙན་རྩོམ་དེབ་གཅིག་བཅས་ཁྱོན་རྩོམ་དེབ་གཉིས་ཙམ་དགེ་བཤེས་མཛད་སྒོའི་ལེགས་སྐྱེས་སུ་བཏེགས་གནང་བ་འདི་ནི།  བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་བཟུང་བ་ཀུན་གྱི་མཆོག་ཏུ་གྱུར་པ་རབ་ཤེས་རབ་ཀྱི་ཐུགས་བཟུང་སྟེ་བཀའ་དྲིན་རྗེས་དྲན་ཞུ་བའི་ཚབ་མཚོན་དང་། སྦྱིན་པའི་མཆོག་ཏུ་གྱུར་པ་བོན་གྱི་སྦྱིན་པའམ་ཤེས་རབ་ཀྱི་བརྔན་པ་གྱ་ནོམ་པ་ཞིག་དང་། མི་ལོ་མང་པོར་དཀའ་སྤྱད་ཁུར་དུ་བླངས་ནས་རྩ་ཆེའི་དུས་ཚོད་བཏང་བའི་གྲུབ་འབྲས་མིག་སྔར་དུ་མངོན་སུམ་པར་བསྟན་པ་ཞིག་ཅི་ལ་མིན། སླད་མའི་ཆར་ཡང་ཁོང་གི་འཆད་རྩོད་རྩོམ་གསུམ་གྱི་སྒོ་འཕར་ཇེ་ཡངས་སུ་ཕྱེས་ཏེ་འདི་དང་འདི་ལྟ་བུའི་ཀུན་ཕན་ཡོངས་ཁྱབ་ཀྱི་མཛད་ཕྲིན་དུས་ནས་དུས་སུ་རྒྱས་པའི་སྨོན་འདུན་དང་བཅས།  ཕྱི་ལོ་ ༢༠༢༠ ལོར་བཀའ་རམས་པའི་མཚན་བཏག་གནང་ཞིང་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་འབུལ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ «དཔྱོད་ལྡན་དགྱེས་པའི་བློ་ལྡན» ཞེས་གནང་བ་དང་། འདི་ལོ་༢༠༢༡ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་ཤར་བཅས་ཁོང་གི་རྩོམ་དེབ་ཀྱི་ལོ་རྒྱུས་ལས་ཟུར་དུ་ཕྱུང་། 

མེ་ལོ་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༢ ༡༧ ཉིན།

པར་པ་རླུང་ཞགས། 

(སྤྱིའི་གཟིགས་གྲངས། 2,145 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་སྐྲུན་…
error: རྩོམ་འདི་བདག་དབང་ཅན་ཡིན།