ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ།

 

 

 

 

ཕྱི་ལོ་༢༠༢༡ ཟླ་བ་ ༠༢ ཚེས་ ༡༨ ཉིནསྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་འབྲས་སིལ་དང་གཟབ་ཇ་འདེགས་འབུལ་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ། བཀའ་རམས་པ་གསས་ཤུལ་དྲང་སྲོང་ཁྲི་གཙུག་བཟང་པོ་ལྷུན་གྲུབ་ལགས་དང་། བཀའ་རམས་པ་ཚབ་ཤི་དྲང་སྲོང་གཙུག་ཕུད་རྣམ་དག་རབ་གསལ་ལགས། བཀའ་རམས་པ་རྒྱུ་ནེ་དྲང་སྲོང་གཙུག་ཕུད་ཤེས་རབ་དབང་རྒྱལ་ལགས་གསུམ་གྱིས་སྔོན་འགྲོའི་བཤད་པ་གྱེར། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་དུ་ཕེབས་བསུ་ཞུས་ཏེ་སྐྱ་སེར་མི་མང་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ། 

གསས་ཤུལ་དྲང་སྲོང་དགེ་བཤེས་ཁྲི་གཙུག་ལྷུན་གྲུབ་བམ་ཤེས་རབ་བཟང་པོ་ཁོང་ནི་སྤྱི་ལོ༡༩༧༦ལོར་སྐྱེས་ཡུལ་ཁྱུང་ཡུལ་ཛམ་གཞུང་རེ་ཡ་གྲོང་སྡེའི་ནང་དུ་ཕ་གསས་ཤུལ་རིན་ཆེན་ཚེ་དབང་དང་། མ་བོ་ཕྲུག་ལྷ་མཛེས་གཉིས་ཀྱི་བུ་རུ་འཁྲུངས།ཆུང་དུས་སུ་མིང་ལ་ཉི་མ་བློ་གྲོས་ཟེར། ལོ་བཅུ་ནས་བཅོ་ལྔའི་བར་ཨ་ཕའི་དྲུང་ནས་འདོན་ཀློག་བསླབས།བཅོ་ལྔ་ནས་བཅུ་དྲུག་བར། ཀོ་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་རང་ཡུལ་རང་དགོན་དུ་ཟླ་གྲགས་སྤྲུལ་སྐུ་རིན་པོ་ཆེའི་མདུན་ནས་འཁྱུག་ཡིག་དང་ཚུགས།འབྲུ་ཚ་བཅས་སྦྱངས།བཅུ་དྲུག་ནས་སུམ་ཅུའི་བར་ཟླ་སྤྲུལ་རིན་པོ་ཆེ་མཆོག་གི་བཀའ་གསུངས་ལྟར་རིན་པོ་ཆེ་ཡི་ཞབས་ཞུས་ཅི་ནུས་སུ་བསྒྲུབས། དགུང་ལོ་ ༡༩ ཐོག་ཡོངས་འཛིན་རིན་པོ་བོད་ལ་ཕེབས་དུས་གཙང་གཙུག་སྡོམ་པ་ཞུས།ཚུལ་མིང་ཁྲི་གཙུག་ལྷུན་གྲུབ་གནང་། དེའི་རྗེས་སྒྲུབ་གྲྭར་ལོ་གཉིས་ལྷག་ཙམ་བསྡད། དེའི་ནང་དུ་སྔོན་འགྲོ་དངོས་གཞི་འཕོ་ལུང་རྩ་རླུང་མུན་མཚམས་ཐོད་རྒལ་དང་། རིག་གནས་སུམ་རྟགས་སྙན་ངག་བཅས་སྦྱངས།བལ་ཡུལ་དུ་འབྱོར་རྗེས་ལོ་༣༥ཐོག་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཁྲིམས་ཆེན་ཞུས། དྲང་སྲོང་གི་ཚུལ་མིང་ལ་ཤེས་རབ་བཟང་པོ་གནང་། ཕྱི་ལོ་༢༠༠༥ལོའི་ཟླ་༡ ཚེས་ ༡ཉིན་སྨྲ་དབང་ཡོངས་འཛིན་ཆེན་མོའི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས།༢༠༠༦ནས་༢༠༠༧ལོའི་བར་གྲྭ་ཚང་གི་དུང་གླིང་འབུད་མཁན་ལོ་གཉིས་གནང་། ༢༠༠༨ ༨ ༡༡ ཉིན་ནས་གྲྭ་ཚང་གི་དཀོན་གཉེར་ལོ་གཅིག་གནང་། ༢༠༠༡༧  ལོའི་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་རྩིས་པའི་ལས་གཉེར་ལོ་གཅིག་གནང་།༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་འདུས་གྲྭ་སྤྱི་མཚུངས་ལྟར་ཐོབ། ལྷག་པར་དུ་སྨན་རི་མཁན་ཆེན་རིན་པོ་ཆེའི་མདུན་ནས་ཨ་དཀར་ཞི་གཅོད་ཀྱི་ལུང་ཐོབ།གདན་ས་ཁྲི་བརྟན་ནོར་རྩེ་རུ་སྔགས་རྫོགས་ཀྱི་དཔེ་ཆ་རྩ་ཆེན་རིགས་རྣམས་ཀྱི་ལུང་ཐོབ། སྤྱིར་སློབ་གཉེར་ཁྲོད་སྒྲིག་གཞི་ལྟར་རྩ་གཞུང་ཡོངས་རྫོགས་བློ་རྒྱུགས་ཕུལ་བ་སྨོས་མེད་ཐོག དམིགས་གསལ་བློ་རྒྱུགས་འཕར་མ་བསྡུས་གྲྭ།རྟགས་རིགས།ཚད་མའི་འགྲེལ་པ།དབུ་མའི་འགྲེལ་པ། སྙན་རྒྱུད་སྒྲོན་དྲུག་རྩ་བ་བཅས་བློ་རྒྱུགས་སྤྲད་པས་གཟེངས་བསྟོད་ཀྱི་བྱ་དགའ་ཡང་ཐོབ། ༢༠༡༨ ལོར་བཤད་གྲྭའི་འཛིན་རིམ་རྫོགས་ནས་སྒྲུབ་གྲྭར་ཞུགས།སྒྲུབ་གྲྭའི་དགེ་བསྐོས་ཀྱི་ལས་འགན་ལོ་གཅིག་གནང་། ལོ་འདིར་ཐུན་དང་བསགས་སྦྱང་དཔེ་ཁྲིད་གང་ཡང་མ་ཆད་པའི་བྱ་དགའ་ཐོབ།གདན་ས་འདིར་ཐུན་མིན་བཤད་སྒྲུབ་ཟུང་འབྲེལ་གྱི་ལམ་ལུགས་བཞིན་ཐོས་བསམ་སྒོམ་སྒྲུབ་གནང་། ༢༠༡༩ལོར་རྒྱལ་གཤེན་སྤོའུ་རུ་རྩ་རླུང་ཞག་བརྒྱའི་ཉམས་ལེན་སྒོམ་སྒྲུབ་གནང་། ༢༠༢༠ ལོར་སྟོན་པའི་འཁྲུངས་མཆོད་ཉིན་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་བཀའ་རམས་པའི་མཚན་བཏགས་གནང་ནས་འདི་ལོར་སྔགས་རྫོགས་ཀྱི་དཔེ་ལྟ་དང་དམ་བཅའ་ཚིག་བཀྲ་མཆོད་ཚིག་བཅས་བློ་བླངས་ནས་བློ་རྒྱུགས་ཕུལ་ཟིན་ནས་བོད་ལྕགས་གླང་ལོར་ཧོར་ཟླ་དང་པོའི་ཚེས་པ་བཅུ་དྲུག་ཉིན་དགེ་བཤེས་མཚན་རྟགས་བཞེས་ནས་ད་ལན་སྒྲུབ་གྲྭར་སྒོམ་སྒྲུབ་གནང་མུས་བཞིན་ལོ་རྒྱུས་མདོར་བསྡུས་སུ་རིག་པའི་ཁུ་བྱུག་གིས་ ༢༠༢༡ ༡ ༢༥ ཉིན་ལ་བྲིས་ཏེ་ཕུལ།

བཀའ་རམས་པ་ཚབ་ཤི་གཙུག་ཕུད་རྣམ་དག་རབ་གསལ་ནི། ཧོར་ཚོ་པ་སུམ་ཅུ་སོ་དགུའི་ནང་ཚན།   རྔུལ་རྫ་ཟལ་མོའི་སྒང་སྟོད་ཧོར་སྦྲ་ཆེན་གསེར་ལུང་ཕྱུག་མོའི་ལྗོངས་སུ་བོན་མིང་ཡུལ་ལ་ཐོགས་པ་བོན་ཐའི་མངའ་ཁོངས་སུ། ཡབ་ཚབ་ཤི་འབྲུག་སྐྱབས་དང་ཡུམ་དྭང་ར་བཟའ་དགེ་སྤྱོད་དབང་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༧༦ལོར་སྐུ་འཁྲུངས།   ལོ་ངོ་དྲུག་སོན་སྐབས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་བསླབ།   དགུང་ལོ་བཅུ་དྲུག་ཐོག་ཧོར་སྦྲ་ཆེན་རྟོགས་ལྡན་རྣམ་གསུམ་གྱི་ཡ་གྱལ་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་ཞང་ཞུང་སྒོ་པའི་ཡུལ་རི་བོ་རྩེ་དྲུག་དགོན་དུ་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཤིང་སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་དང་། སྒྲུབ་གྲྭའི་མཁན་པོ་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ཀྱི་མདུན་ནས་ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ་གཙོས་པའི་གསུང་འབུམ་གྱི་ཁྲིད་ལུང་དང་། རྩ་རླུང་། འཁོར་འདས་རུ་ཤན་སོགས་སྒྲུབ་གྲྭའི་བཅའ་སྒྲིག་ཇི་བཞིན་སློབ་མཐར་ཕྱིན་ཏེ་གཤེན་གྱི་རྣལ་འབྱོར་པའི་མཚན་རྟགས་བཞེས། ཕྱི་ལོ་༡༩༩༥ལོར་སྨན་རིའི་དབུ་མཛད་ཆེན་མོ་བསྟན་འཛིན་འོད་ཟེར་གྱི་མདུན་ནས་རྒྱལ་བ་སྨན་རིའི་ལུགས་ཀྱི་ཆོ་ག་ཕྱག་ལེན་སྐོར་དང་། ལྷག་པར་དུ་ཁྲོ་ཕུར་གདངས་གྱེར་དང་ཞི་ཁྲོ་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ཞལ་ཁྲིད་སོགས་ཐོབ། ཕྱི་ལོ་༡༩༩༨ལོར་མེ་མོ་སྨིན་གྲོལ་ཡང་དབེན་གླིང་དུ་སྨན་སློབ་སྐལ་བཟང་ཉི་མའི་མདུན་ནས་རིགས་དྲུག་རང་སྦྱང་གི་སྒྲུབ་པ་ཞག་བརྒྱ་ཞིག་བཞུགས། དེ་རྗེས་རང་གི་འདོད་མོས་ལྟར་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མདུན་དུ་ཐོས་བསམ་གྱི་སྐལ་བཟང་ཞིག་ཐོབ་ན་ཅི་མ་རུང་བསམ་པའི་འདོད་པ་དཔེར་ན་སྐོམ་པ་ཆུ་འདོད་ལྟར་ཡོད་པས་བསམ་པ་བཞིན་ཏུ་འགྲོ་རྒྱུའི་བློ་ཐག་བཅད་དེ་ལས་མཐུན་གྱི་གྲོགས་འགའི་ལྷན་དུ་རང་ཡུལ་ནས་མི་ཡུལ་དུ་གོམ་ཁ་བསྒྱུར། ཕྱི་ལོ་༢༠༠༤ལོའི་སྤྱི་ཟླ་༡༠་ཚེས་༢༣གཟའ་པ་སངས་ཉིན་༸བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་བདེ་བར་འབྱོར། དེ་རྗེས་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་ཐོས་བསམ་སློབ་གཉེར་བྱས། དེ་ཡི་སྐབས་སུ་ཀུན་མཁྱེན་སྡུད་གྲྭ་དང་།   རྟགས་རིགས་ཚད་མའི་དགོངས་རྒྱན། རྗེ་ཡི་ཚད་མ་རང་འགྲེལ། སྟོན་པའི་ཐེག་འགྲེལ། རྗེའི་ས་ལམ་རང་འགྲེལ། མཚོན་བྱེད་ཞེ་ལྔའི་རྣམ་བཞག་བཅས་དམིགས་བསལ་ངག་རྒྱུགས་ཕུལ་ཏེ་བསྔགས་བརྗོད་ཀྱི་གཟེངས་རྟགས་མང་པོ་ཐོབ། (༢༠༠༧–༢༠༡༣) བར་མི་ལོ་ཧྲིལ་པོ་བདུན་གྱི་རིང་བཤད་སྒྲུབ་འདུས་སྡེའི་ཚོགས་དང་འཆད་ར་སོགས་གང་ཡང་མ་ཆད་པའི་གཟེངས་རྟགས་གྲངས་མང་ཐོབ། ༢༠༠༩་ཟླ་བ་༡༢ཚེས་༢༤ཉིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་སྐུ་མདུན་ནས་དྲང་སྲོང་ཁྲིམས་རྣམས་རྫོགས་པར་ཞུས། ཕྱི་ལོ་༢༠༡༣ལོར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་དྲུང་ནས་ཕྱི་རྒྱུད་བཀའ་དབང་ཆ་ཚང་དང་། ནང་རྒྱུད་གསས་མཁར་མཆོག་ལྔའི་དབང་ཆ་ཚང་ཞུ་བའི་སྐལ་བཟང་ཐོབ།  དེ་བཞིན་༸སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཕལ་ཆེར་ཐོབ་པ་མ་ཟད་སྔགས་སེམས་ཀྱི་བཀའ་ཁྲིད་གང་མང་ཞུ་བའི་སྐལ་བཟང་བྱུང་། ཁྱད་པར་དུ་ཕྱི་ལོ་༢༠༡༤ལོར་སྒྲུབ་ཆེན་སྐབས་ཨ་མཆོད་བཅུ་གཉིས་ཀྱི་གྲས་སུ་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ཕྱག་ལེན་ཆ་ཚང་སྦྱངས། ཕྱི་ལོ་༢༠༡༥ནས་གྲྭ་ཚང་གི་དབུ་མཛད་ཆེན་མོའི་འགན་ཞེས། ཕྱི་ལོ་༢༠༡༧་ནས་རིག་གནས་དགེ་རྒན་གནང་། ཕྱི་ལོ་༢༠༡༨ལོར་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་༢༠༡༨ལོར་མདོ་སྔགས་རིག་གནས་དང་བཅས་པ་དཔེ་ཁྲིད་ཡོངས་སུ་མཐར་ཕྱིན་རྗེས་སླར་ཡང་མི་ལོ་ཧྲིལ་པོ་གསུམ་གྱི་རིང་གསང་སྔགས་མ་རྒྱུད་སྐོར།   ཆེད་སྦྱོང་གསན་བསམ་མཐིལ་ཕྱིན་མཛད་དེ་ཕྱི་ལོ་༢༠༢༡ཟླ་བ་༡ཚེས་༢༨ཉིན་མ་རྒྱུད་ཆེད་སྦྱོང་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་ཐོབ་པ་མ་ཟད་འཆད་རྒྱུགས་སྐབས་སུ་དབང་རིམ་དང་པོའི་ཕྱག་ཁྱེར་ཐོབ།   ༢༠༢༡-༡-༢༨་ལོར་༧མཁན་སློབ་རྣམ་པའི་མདུན་དུ་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་སྤྱན་འབུལ་ཞུས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་<<ས་ཏྲིག་སྲས་>>ཞེས་གནང་།  མདོར་ན་མི་ལོ་བཅུ་བདུན་རིང་སློབ་གཉེར་བྱས་པའི་འབྲས་རྟགས་སུ་མི་འགྱང་བར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བའི་བཤེས་གཉེན་རྣམས་དང་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་ནས་མདོ་སྔགས་རྫོགས་གསུམ་རིག་པའི་གནས་ལྔ་དང་བཅས་པ་གསན་སྦྱང་མཐར་ཕྱིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུ་ཡིན་པ་བཅས་ངོ་སྤྲོད་སྙིང་བསྡུས་སུ་བཀོད་པ་འོ། སྦྲ་ཆེན་ཞི་བདེའི་ཕོ་ཉ་ནས།༢༠༢༡-༢-༥ཉིན་བྲིས།

རྒྱུ་ནེ་དྲང་སྲོང་གཙུག་ཕུད་ཤེས་རབ་དབང་རྒྱལ་ལགས་ནི་ཕྱི་ལོ་༡༩༨༢ ལོར་ཟླ་བ་ ༡༢ པའི་ཚེས་ ༢༠ ཉིན་སྐྱེས་ཤིང་།   ཆུང་ནས་རབ་ཏུ་བྱུང་སྟེ་རང་དགོན་ཀོ་རྒྱལ་དགོན་གྱི་སྒྲུབ་གྲྭར་ཞུགས་ནས་ལོ་གསུམ་ཙམ་རིང་དུ་ཐོས་བསམ་བསླབ་གཉེར་གནང་། དེ་ནས་ཕྱི་ལོ་ ༢༠༠༤ ལོར་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ཞིང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིགས་ཁོངས་སུ་ཞུགས། དགོན་འདིར་བསྡུས་རྟགས་ཚད་མ་ནས་བཟུང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་དང་། བརྡ་དག་སྙན་གསུམ་ནས་བཟུང་ཐུན་མོང་གི་རིག་གནས་བཅས་ལ་སྦྱངས་པ་ཚུལ་བཞིན་གནང་། སློབ་གཉེར་གནང་བའི་ཞོར་རྣམས་སུ་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོང་བཞིན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དཔེ་མཛོད་ཁང་ནས་བོན་གྱི་མཆོད་རྟེན་གྱི་དེབ་དཔར་བསྐྲུན་ཞུས་སྐབས་སུ་མ་དཔེའི་ཆེད་མཆོད་རྟེན་འབྲི་བཞེང་དང་། ཞི་བ་ཨ་གསལ་གྱི་དཀྱིལ་འཁོར་བློས་བསླང་གི་འགན་ཡོངས་སུ་ཁུར་གནང་ཞིང་། དེ་བཞིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་རྒྱུད་དོན་ལྟར་མ་རྒྱུད་ལྷ་སུམ་བརྒྱ་དྲུག་བཅུའི་དཀྱིལ་འཁོར་གྱི་ཐིག་བཀོད་མཛད་གནང་བ་ལྟར་གྱི་དཀྱིལ་འཁོར་ཆ་ཚང་ཐིག་བྲིས་གནང་བ་སོགས་ཀྱིས་མཚོན་པའི་དགོན་གྱི་ཕྱག་ལས་མི་ཉུང་བར་གནང་། ལྷག་པར་དུ་ཕྱི་ལོ་༢༠༡༦ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་གཉིས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གནང་ཞིང་། ཕྱི་ལོ་༢༠༡༩ལོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་མཆོག་དང་། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་བཀའ་མངག་གནང་བ་ལྟར་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭར་བོད་ཡིག་དགེ་རྒན་གྱི་ཕྱག་ལས་སོགས་ཀྱིས་ཞབས་ཞུ་བསྒྲུབ། ད་ལན་ཁོང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་མི་ལོ་བཅུ་དྲུག་ཙམ་གྱི་རིང་སློབ་གཉེར་གནང་ཏེ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་སློབ་པ་མཐར་སོན་པའི་འབྲས་རྟགས་སུ། ཕྱི་ལོ་༢༠༢༠ ལོར་བཀའ་རམས་པའི་མཚན་བཏག་གནང་སྟེ་བླ་བྲང་ལ་རིག་གནས་ཤོག་ཁྲ་རྒྱུགས་འབུལ་ཞུས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་<<ཨེ་མ་ཡེ་རིག་རང་གྲོལ་>>ཞེས་གནང་བ་དང་། ཕྱི་ལོ་༢༠༢༡ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཅིག་པའི་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། གྲོགས་མཆེད་ཚུལ་ཁྲིམས་དྲི་མེད་ནས། 

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ༢ ༡༨ ཉིན།

པར་པ་རླུང་ཞགས།

 

(སྤྱིའི་གཟིགས་གྲངས། 1,940 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧གསང་གསུམ་…
error: རྩོམ་འདི་བདག་དབང་ཅན་ཡིན།