ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་དྲི་མེད་གཟི་བརྗིད་པོད་ལྔ་པའི་མཚམས་སྦྱོར།

སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་གཤེན་གྱི་མཛད་མདོ་རྒྱས་པ་<<འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་>>པོད་ལྔ་པའི་ནང་གཤེན་རབ་རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་རྫོགས་ནས་དགུང་གྲངས་བཅོ་ལྔ་སྐབས་ཀྱི་གཏོ་བུ་བཏུལ་བའི་མཛད་པ་ཡན་དང་། སྤྱིར་གཟི་བརྗིད་ལེའུ་དྲུག་ཅུ་རེ་གཅིག་ཡོད་པ་ལས། པོད་འདིར་ལེའུ་ཉེར་གཅིག་པ་སྟོན་པས་པེའུ་ཙེ་རྣམ་པ་གསུམ་གྱི་བོན་བསྟན་པའི་མདོ་དང་། ཉེར་གཉིས་པ་སྟོན་པས་འགྲོ་འདུལ་འོད་ཟེར་སྤྲོ་བའི་མདོ། ཉེར་གསུམ་པ་འཁོར་རྣམས་ལ་རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ། ཉེར་བཞི་པ་སྟོན་པས་འགྲོ་བ་ཐར་པར་དྲངས་པའི་མདོ་བཅས་ལེའུ་བཞི་ཡོད།

དེ་ཡང་གཤེན་རབ་དགུང་གྲངས་བཅུ་གསུམ་བཞེས་དུས་བསྟན་པ་སྲིད་པ་གསུམ་ལ་སྒྲོགས་ཤིང་། བསྟན་པ་ཆགས་ཞིང་གནས་པར་བྱ་བའི་ཕྱིར་དུ། ལྷ་ཀླུ་མི་གསུམ་གྱི་སློབ་མ་རྣམས་ལ་<<པེའུ་ཙེ་རྣམ་པ་གསུམ་གྱི་བོན་>>བསྟན་པར་དགོངས་ནས། གྲོང་ཁྱེར་ཆེན་པོ་དགའ་ལྡན་བྱམས་པའི་དབུས་དཀྱིལ། གསས་མཁར་ཤམ་པོ་ལྷ་རྩེའི་སྒོ་དྲུང་དུ་བཞུགས་ཏེ་འཁོར་གྱི་སློབ་མ་གཤེན་རབ་ཚངས་པ་གཙུག་ཕུད་ཀྱིས་ཞུས་ངོར། སྐུ་གསུང་ཐུགས་ཀྱི་པེའུ་ཙེ་རྣམ་གསུམ་ཁམས་གསུམ་དང་། སྤང་བྱ། གཉེན་པོ། ཐེག་དགུ། སྒོ་བཞི་མཛོད་ལྔ་བཅས་ལ་སྦྱར་ཚུལ་བསྟན་པ་དང་། གཤེན་ཡོངས་སུ་དག་པས་སླར་སྐུ་གསུང་ཐུགས་ཀྱི་པེའུ་ཙེ་རྣམ་པ་གསུམ་སྤྱོད་ཅིང་སྤེལ་ན་ཚད་མ་གསུམ། བདེན་པ་གཉིས། དབང་པོ་རབ་འབྲིང་ཐ་མའི་བློ་དང་སྦྱར་ཚུལ་དང་།  བསྟན་པ་སྲིད་པ་གསུམ་ལ་སྒྲོག་པ་དང་ཁམས་གསུམ་དུ་སྤེལ་ཚུལ། མཐར་ཐུག་ཉོན་མོངས་པ་དུག་གསུམ་གྱི་སྒྲིབ་པ་དག་ནས། སྐུ་གསུམ་ཡེ་ཤེས་ཀྱི་འབྲས་བུ་ཐོབ་ཚུལ་ཇི་ལྟར་རེད་ཞུས་པས། “ཚད་གསུམ་ཟུང་དུ་སྦྲེལ་བ་ནི། སྔོན་གྱི་སྟོན་པ་གཤེན་རབ་མཆོག་རྣམས་ཀྱིས་ཅི་ལྟར་དུ་གསུངས་པའི་ལུང་མ་ནོར་བ་དང་། ད་ལྟའི་སྟོན་པ་རྣམས་ཀྱིས་གང་དུ་གསུངས་པས་བཀའ་མ་བསླད་པ་དང་། རང་གི་རིག་པ་སྒྲིབ་མེད་ལས་བྱུང་བའི་དོན་མ་འཆུགས་པ།” ཞེས་དང་། “དང་པོ་ལུང་ནས་ཅི་ལྟར་བྱུང་བ་སྟེ། བཀའ་ལ་འཆད་ནུས་པ་དང། བཀའ་ལ་ཅི་ལྟར་བཤད་པ་དེ། ལུང་དང་མཐུན་ནུས་པ། ལུང་དང་ཅི་ལྟར་མཐུན་པ་དེ། རྒྱུད་ལ་ཡོངས་སུ་ཐེབས་ནུས་པ།” ཞེས་དང་། མང་དུ་སྤྲོ་བ། སོ་སོར་དབྱེ་བ། ཉུང་དུ་བསྡུས་པ། མོས་ཤིང་བསླབ་པ། བསླབས་ཤིང་མཁས་པ། མཁས་ཤིང་འཇུག་པ། འཇུག་ཅིང་སྤྱད་པ། སྤྱོད་ཅིང་རྟོགས་པ། རྟོགས་ཤིང་ཕུལ་དུ་ཕྱིན་པ། སེམས་ལ་ནམ་མཁའ་ལྟ་བུར་རྒྱ་བསྐྱེད་པ། བར་སྣང་ལྟ་བུའི་ཡངས་ཁྲོལ་བ། གར་སྐོར་དུ་བདེ་བ། གང་བྱུང་དུ་ཤོངས་པ། ཚིག་ལ་རྒྱ་མཚོ་ལྟ་བུའི་གཏིང་ཟབ་པ། སྦྲང་ཆར་ལྟ་བུའི་དོན་ནུས་པ། ཟད་པ་མེད་པ། གཏིང་མཐའ་ཟབ་པ། རྒྱུན་ཆད་མེད་པ། མང་དང་ཉུང་གིས་དོན་བྱེད་ནུས་པ། དོན་ལ་ཉི་མ་ལྟ་བུའི་མདངས་ཆགས་པ། ནོར་བུ་ལྟ་བུའི་དོན་འཆང་བ། ཀུན་ལ་སྙོམས་པ། ཡོངས་ལ་དྲོ་བ། མུན་པ་སེལ་བ། སྒྲོན་མེ་འདེགས་པ། དགོས་འདོད་འབྱུང་བ། ཅི་སྨོན་འགྲུབ་པ། མཐའ་རུ་ཕྱིན་པ། མཐར་ཕྱིན་ནུས་པ། དེ་ལྟ་བུའི་ཚད་གསུམ་ཟུང་དུ་འབྲེལ་པ། མ་ཆད་པ། མ་འབྲེལ་བ། མ་ནོག་པ། མ་འགྲིབ་པ། མ་མནོལ་བ། མ་སྨེ་བ། མ་འགགས་པ། གང་ཡང་རུང་བ། གང་དུ་བཏུབ་པ། གང་སྐོར་བདེ་བ། གང་མཐུན་འབྱོར་པ། ཐམས་ཅད་ལེན་པ། ཀུན་ཀ་བཀག་པ། འདྲ་མཐུན་སྡེབ་པ། མི་མཐུན་དོར་བ། སྤང་བླང་མེད་པ། གཅིག་ཏུ་སྡུད་ཤེས་ཤིང་། མང་ཏུ་སྤྲོ་ནུས་པ། དེ་ལྟར་དུ་ཚད་མ་གསུམ་ཟུང་དུ་སྦྲེལ་བ་ལ་བྱའོ། །” བདེན་པ་གཉིས་ནི། “ཀུན་རྫོབས་ཀྱི་བདེན་པ་ནི་མ་སྤྱོད་ན་མི་གྲུབ་ལ། དོན་དམ་པའི་བདེན་པ་ནི་མ་བསྒོམ་ན་མི་གསལ།” ཞེས་སོགས་ཞུས་ལན་རིམ་བཞིན་ཚང་པར་གནང་གྲུབ་ནས་འཁོར་རྣམས་ཀྱི་མགྲིན་གཅིག་ཏུ་སྟོན་པ་བསྟོད་པ་ཕུལ་བ་བཅས་སོ།།

གཤེན་རབ་དགུང་གྲངས་བཅུ་བཞི་བཞེས་སྐབས་<<འགྲོ་འདུལ་འོད་ཟེར་སྤྲོ་བའི་བོན་བསྟན་>>པར་དགོངས་ནས་གཡུང་དྲུང་སེམས་དཔའི་འཁོར་རྣམས་དང་ཆས་ནས་གྲོང་ཁྱེར་ཆེན་པོ་ཚད་མེད་ཡངས་པ་ཅན་གྱི་དབུས་དཀྱིལ། སྐུ་མཁར་བར་པོ་སོ་བརྒྱད་ཀྱི་སྒོ་དྲུང་དུ། གདན་སེང་གེའི་ཁྲི་ལ་བཞུགས་ཏེ་འགྲོ་འདུལ་འོད་ཟེར་གྱི་འཇིག་རྟེན་ཁམས་སུ་ཁྱབ་པར་སྤྲོས་པས་འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གཅོད་སྦྱོང་འཕྲལ་དུ་ཞི་ནས་བདེ་བའི་སྐབས་རྙེད་པ་དང་། འཇིག་རྟེན་ཆེ་དགུ་ལ་སོགས་མངའ་བོ་ཆེ་རྣམས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་ངོ་མཚར་སྐྱེ་ནས་བསྟོད་པ་ཕུལ། ཡེ་གཤེན་སུམ་བརྒྱ་དྲུག་ཅུའི་ཏིང་ངེ་འཛིན་གྱི་གཟུངས་གཟུངས་ཏེ་གཤེན་རབ་ཀྱིས་གཟུངས་ཀྱི་ཕན་ཡོན་འདི་ལྟར་གཟུངས། “གང་ཞིག་འདི་ལ་དམ་པར་འཛིན་པ་རྣམས་ནི། བསོད་ནམས་ནི་དབང་པོ་བརྒྱ་བྱིན་དང་མཉམས་པའོ། །དཔལ་ནི་གཙུག་ན་རིན་ཆེན་དང་མཉམ་པའོ། །ཚེ་ནི་ཡེ་གཤེན་གཙུག་ཕུད་དང་མཉམ་པའོ། །མཐུ་སྟོབས་ནི་གསང་བ་འདུས་པ་དང་མཉམ་པའོ། །དབང་ཕྱུག་ནི་འཁོར་ལོ་བསྒྱུར་རྒྱལ་དང་མཉམ་པའོ། །དེ་ལྟར་དུ་དོན་དང་ཡོན་ཏན་ནི། ནམ་མཁའ་དང་མཉམ་ཞིང་དཔག་ཏུ་མེད་ཅིང་མཐའ་ཡས་པའོ། །” ཞེས་གསུངས་ནས་འཁོར་རྣམས་ཀྱི་མངོན་པར་བསྟོད་དོ།།

དེ་ནས་གསས་ཁང་ཆེན་པོ་ལྷོ་ཤར་བདེ་བ་རང་འབྱུང་གི་སྒོ་དྲུང་དུ། གྲོང་ཁྱེར་ཆེན་པོ་བདེ་ལྡན་བཀོད་པའི་དབུས་དཀྱིལ་དུ་གདན་སེངྒེའི་ཁྲི་བཏེགས་ནས་བཞུགས་ཏེ། འཁོར་རྣམས་ལ་<<རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་>>བསྟན་པར་དགོངས་ནས་ཚངས་པ་གཙུག་ཕུད་ལ་སོགས་འཁོར་རྣམས་ལ་བཀའ་སྩལ་པའི་མདོ། “བླ་ན་མེད་པ་ཡང་དག་པར་རྫོགས་པའི་འབྲས་བུ་ཐོབ་པར་འདོད་ན། སྟོན་པ་ངའི་བཀའ་ལ་ཉོན་ཅིག འཕྲུལ་ངག་བདེན་པའི་བོན་ལ་སྤྱོད་ཅིག གང་ཞིག་སྟོན་པའི་བཀའ་ལ་མི་ཉན་ཅིང་འཕྲུལ་ངག་བདེན་པའི་བོན་ལ་མི་སྤྱོད་ན། གཡུང་དྲུང་སེམས་དཔའ་རྣམས་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱང་འཁྲུལ་ལོ། །དེ་ནི་གོལ་ལོ། །དེ་ནི་ལྟུང་ངོ་། །དེ་ནི་འཁོར་བ་ལ་ཕྱིར་ལྡོག་པའོ། །དེ་ནི་ཐར་པའི་ལམ་ལ་བགྲོད་པའི་རྒྱུན་འགག་པའོ། །”ཞེས་སོགས་དང་། “སྔོན་གྱི་སྡུག་བསྔལ་རྣམས་ལ་སུན་པར་བྱ། །དཀར་པོ་དགེ་བའི་ལས་ལ་བྲོད་པར་བྱ། །དེས་ན་འཇུག་པའི་ལམ་ལས་ལྡོག་མི་ནུས། །”ཞེས་སོགས་གསུངས་ནས་འཁོར་སྡེ་བཞི་ཡ་བརྒྱད་སོགས་གདུལ་བྱ་རང་རང་གི་བློ་ཡིས་ཐེག་ཚོད་ཀྱི་བོན་ཉམས་སུ་ལེན་ཚུལ་བསྟན། གཡུང་དྲུང་སེམས་དཔའ་ལེགས་པའི་བློ་གྲོས་ལ་སོགས་སྡེ་བཞི་ཡ་བརྒྱད་ཀྱི་གཉེར་དཔོན་སོ་སོར་བསྐོས་སོ།།

གཤེན་རབ་དགུང་གྲངས་བཅོ་ལྔ་བཞེས་སྐབས་གསས་མཁར་ཤམ་པོ་ལྷ་རྩེའི་སྒོ་དྲུང་དུ། གྲོང་ཁྱེར་ཆེན་པོ་དགའ་ལྡན་བྱམས་པའི་དབུས་ན། འགྲོ་བ་ཁ་ལོ་བསྒྱུར་ཤིང་། སེམས་ཅན་ཉོན་མོངས་པ་རྣམས་ཐར་པར་དྲངས་པའི་ཕྱིར་དུ། གདན་སེངྒེའི་ཁྲི་ལ་ནི་བཞུགས། འཁོར་དུ་གཏོགས་པའི་གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་དང་། ཐབས་ཅིག་ཏུ་བཞུགས་ཏེ། <<འགྲོ་བ་ཐར་པར་དྲངས་པའི་མདོ་>>བསྟན་པར་དགོངས་ཏེ་འགྲོ་བ་རིགས་དྲུག་གི་གནས་སུ། འདུལ་བ་ཐབས་ཀྱི་གཤེན་དྲུག་དུ་སྤྲུལ། སྐབས་དེར་སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲིས་སྡིག་ཅན་གཏོ་བུ་ལ་སོགས་འཛམ་གླིང་སོག་ཀའི་འཇིག་རྟེན་ཁམས་ཀྱི་སྡིག་པོ་ཆེ་རྣམས་འདུལ་དགོས་པའི་བཀའ་འཕྲིན་བཏང་བ་འབྱོར་ཏེ། ཡུལ་འོད་མ་འབྱམས་སྐྱ། གྲོང་ཁྱེར་འོད་མ་བཀྲ་གླིང་། མཁར་གྱི་དང་བ་རྫོང་ཕུག།ཕ་གཏོ་རྗེ་ཐང་པོ། མ་ཡི་དཔྱད་ཟ་གུང་བཙུན་ཁྲི་མ་གཉིས་བུ་གཏོ་བུ་དོད་དེ་ལས་སྡིག་ཆེ་བ་ནི་འཇིགས་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་ན་ཡང་མ་མཆིས་པས་ནན་གྱིས་འདུལ་བར་ཞུས་པས། སྟོན་པས་བཀའ་སྩལ་པ། “དཔེར་ན་སྐྱེ་འགྲོ་གསོས་ཀྱི་ཆུ་བོ་ལ། །སེམས་ཅན་གང་ཞིག་ཚུལ་ལ་སྙགས་པ་ལ། །ཆུ་མིག་ཕར་འཐུངས་ཟེར་བ་གཟིགས་ལགས་སམ། །སྐོམ་པ་གང་ཞིག་ཆུ་ཁར་མི་འོང་ངམ། །སླད་ལ་ཕར་གཤེགས་ཁྱེའུ་ཆུང་མི་རིག་ངེས། །དུལ་བའི་སེམས་ཅན་ཚུལ་ལ་འདུ་བ་ཡིན། །ཕར་ལ་བཏུལ་པའི་སེམས་ཅན་དེ་མི་ཐུལ། །དེ་ཕྱིར་ཐབས་དང་དུས་ལ་མ་བབ་པས། །དུས་ལ་མ་བབ་འགྲོ་དོན་གལ་མི་ཆེ། །དུས་ལ་བབ་ན་གལ་སྤྱིན་རླན་དང་འདྲ། །གོང་དུ་དགོས་པའི་དང་ལ་མི་འཆོར་འཛིན། །ཞེས་སོགས་གསུངས་ཀྱང་ཡང་ཡང་ནན་དུ་གཏོ་བུ་འདུལ་བའི་བསྐུལ་མ་ཞུས་མཐར་གཏོ་བུ་གསོན་ཚེ་ཞི་དྲག་གི་མཛད་པ་ཇི་ཙམ་བསྟན་ཀྱང་མངོན་པའི་སྡིག་པ་མི་བྱེད་པ་ཙམ་ལས་མ་ཐུལ། གཏོ་བུ་ཤི་དུས་གཅོད་སྦྱོང་སྡུག་བསྔལ་མྱོང་སྐབས་སྟོན་པ་དྲན་ཏེ་རེ་འབོད་ཞུས་པས་སྟོན་པའི་ཞལ་མཇལ། སྟོན་པས་གཏོ་བུ་ལ་བག་ཆགས་རྗེས་སུ་དྲན་པའི་བོན་བསྟན་ཏེ། ཐོག་མར་མཐོ་བའི་མཁར་ཕབ་པ་དང་། དམའ་བའི་ཡུལ་ཕྲོག་པ་དང་། མི་ལྟ་གྲི་རུ་བསད་པ་དང་། ནོར་ཕྱུགས་རྣངས་སུ་གཅོད་པ་དེ་རྣམས་ཀྱི་བག་ཆགས་རྗེས་སུ་དྲན་པའི་བོན་བསྟན་པས་སྔོན་བྱས་དེ་དག་ལན་ཆགས་བསྙགས་པ་ཡིན་པར་ངོ་སྤྲད། སྒྲིབ་སྦྱང་ངན་སོང་སྦྱང་པའི་ཆོ་ག་བསྟན་ཏེ་ཐར་པར་དྲངས་བ་བཅས་པོད་ལྔ་པའི་གནས་བསྡུས་སུ།

ཏི་སེའི་བུས་ ༢༠༡༩ ༢ ༡༥ ཉིན་བྲིས།

(སྤྱིའི་གཟིགས་གྲངས། 504 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།