དུང་ཚོར་ཡི་གེར་སྡེབ་པ།
དུང་ཚོར་ཡི་གེར་སྡེབ་པ་ཞེས་བྱ་བ།
སཱ་ལེ་སྨན་གྱིས་མཚན་པའི་གངས་ཀྱི་ལྗོངས།།
མུ་ཁྱུད་ས་འཛིན་དཔུང་གིས་ཕྲེང་བསྒྲིགས་པའི།།
ཟབ་བརླིང་བོན་རིག་འཛིན་པའི་དུང་གི་ཟླ།།
ནུབ་རིའི་ཕང་དུ་བཞུད་པ་ཅི་བས་སྐྱོ།།
གང་གི་མཛད་འཕྲིན་དལ་འབབ་ཉལ་འགྲོའི་རྒྱུན།།
བསིལ་བའི་ལྗོངས་འདིར་རྒྱུ་བའི་སྐལ་བ་འདི།།
ངོ་མཚར་བྱེ་བའི་འབྱུང་གནས་སྨྱུ་གུའི་བོན།།
འཕེལ་བའི་རྒྱུ་རུ་གྲུབ་པ་ལྷ་ཡིས་བསྔགས།།
དམ་ཚིག་གསེར་གྱི་ཨ་ལོང་ཡང་ལོང་བཅས།།
སྐྱིད་སྡུག་རི་བོའི་ལྗིད་ཙམ་ཁུར་ནས་སུ།།
བགྲེས་ཤིང་འཁོག་པའི་སྐུ་ཚེ་མཐའ་མར་ཡང་།།
གཏན་གྱི་འདུན་མ་བོར་བའི་སྐབས་མ་མཆིས།།
བསྟན་དང་དེ་འཛིན་རང་རིགས་ཤེས་བྱའི་ནོར།།
རྣམ་དག་ཐང་མར་བརྡལ་བའི་མུ་ཏིག་ཕྲེང་།།
རིག་པའི་སྲད་བུར་བརྒྱུ་བའི་བཤེས་གཉེན་ཁྱེད།།
བྱང་ཕྱོགས་ཁ་བ་ཅན་གྱི་རྡོ་རིང་བཞིན།།
སྐྱེ་ཞིང་ནུབ་པའི་ཆོས་ཉིད་ག་ལ་བཟློག།
བཟློག་ན་རྒྱུ་དང་འབྲས་བུ་ག་ལ་བདེན།།
དེ་ལྟའི་བོན་དབྱིངས་ཟབ་མོར་རོ་གཅིག་ཏུ།།
འདྲེས་ནས་ནུབ་པའི་ཚུལ་འདི་རྡོ་ལ་བྲིས།།
འདི་ཡང་དཔལ་ལྡན་སྨན་རིའི་མཁས་པའི་མཆོག་གྱུར་རང་རེའི་ཆོས་རིག་དམ་ཚིག་ཀུན་གྱི་ཆུ་བོའི་གཞུང་དུ་ངོ་མཚར་རླབས་ཀྱི་ཞགས་པ་སྐྱོང་བའི་སློབ་དཔོན་བསྟན་འཛིན་རྣམ་དག་མཆོག་དགུང་གྲངས་བརྒྱ་བཞེས་པའི་མཚམས་ནས་སྐུ་གཤེགས་པར་སྐྱོ་བ་དང་བཅས་བན་ཤུལ་སྐྱེས་མིང་པས་ཁྲིན་ཏུའུ་ནས་བྲིས་སོ།།