ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འཛམ་གླིང་གི་མྱི་བོ་ཆེ་རྣམ་གཉིས་དྲན་པ།

འཛམ་གླིང་གི་མྱི་བོ་ཆེ་རྣམ་གཉིས་དྲན་པ།

 

འཛམ་བུ་གླིང་ན་འཁྲུངས་ནས་འདས་ཉིན་བར། །

དོན་ཡོད་བྱས་བས་སྐུ་ཚེ་འདའ་བ་ལས། །

དོན་མེད་ལས་ཀྱིས་ཆུ་ཚོད་རྫོགས་མྱོང་མེད།

 

ཆུང་ནས་ཐོས་དོན་བཙལ་ནས་མཁྱེན་རབ་རྒྱས། །

སྨིན་གྲོལ་གདམས་པས་གདུལ་བྱ་བོན་ལ་བསྐུལ། །

མཚན་ལྡན་བླ་མ་རྣམ་གཉིས་སྐུ་དྲིན་དྲན། །

 

ཕ་ནོར་གཡུང་དྲུང་བོན་བསྟན་འཛམ་གླིང་སྤེལ། །

ཕ་མེས་རིག་གཞུང་ཟབ་མོ་སྲོག་གིས་བསྲུངས། །

ཕ་ཆོས་རྫོགས་ཆེན་རྣལ་འབྱོར་རྣམ་གཉིས་དྲན། །

 

གྱེར་བསྟན་རླུང་དཀྱིལ་མར་མེ་གཟིམས་མ་བཅུག །

གྱེར་དང་གཤེན་གྱི་རང་སྒྲ་འགག་མ་བཅུག །

གྱེར་སྤུངས་རྣམ་གཉིས་ཐུགས་དྲིན་བསྐལ་པར་དྲན། །

 

བླ་རྒན་རྣམ་གཉིས་བཀའ་དྲིན་བརྗོད་མཐའ་བྲལ། །

དྲིན་ཆེན་རྣམ་གཉིས་མཛད་བཟང་གླེང་ཐབས་དབེན། །

མཁན་སློབ་རྣམ་གཉིས་སྙིང་གི་གཏིང་ནས་དྲན། །

 

བཞུགས་ན་བཞུགས་རིན་ཡོད་པ་བསྟན་འགྲོའི་མིག །

གཤེགས་ན་གཤེགས་ཚུལ་ཁྱད་འཕགས་དད་པའི་གསོས། །

གླེང་ན་གླེང་རིན་ཆེ་བ་ནམ་ཡང་དྲན། །

 

མིག་ཆུ་རྫུན་མས་སྐྱོ་གདུང་དགོས་དོན་མེད། །

མྱ་ངན་རྫུན་མས་འཁྲབ་སྟོན་བྱ་དོན་མེད། །

ཟོལ་བསྟོད་རྫུན་མས་ཅལ་འདྲོགས་ལངས་དོན་མེད། །

 

སྐུ་དྲིན་ཤེས་ནས་གླེང་ན་རིན་ཐང་ཆེ། །

བྱིན་རླབས་དད་པས་ཞུས་ན་རྒྱུད་ལ་སྨིན། །

རང་བཞིན་གསང་བོར་སྨྲས་ན་གཟི་བརྗིད་ལྡན། །

 

དགུང་ལོའི་བབ་དང་བསྟུན་ཏེ་ཞི་བར་གཤེགས། །

མཛད་བཟང་གནམ་སའི་བར་ན་སྐས་ཤིག་བཙུགས། །

ཞབས་རྗེས་བསུབ་ཐབས་མེད་དོ་སྨན་རི་བ། །

 

དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །

བྱམས་བརྩེས་འབྲལ་མེད་སྐྱོང་བར་བྱིན་གྱིས་རློབས། །

ཐུགས་རྗེས་རྟག་ཏུ་གཟིགས་པར་བྱིན་གྱིས་རློབས། །

 

གདོང་བཙུན་རྒྱ་ཐར་བྱ་བའི་སྐྱབས་འོག་པས། །

དེ་ལྟར་དྲན་གདུང་བྱིན་རླབས་ཞུ་ཚིག་འགའ། །

ཁམས་ཀྱི་ཉག་རོང་ཡུལ་དུ་གུས་པས་བཏེགས། །

༢༠༢༥།༦།༢༢ཉིན།

(སྤྱིའི་གཟིགས་གྲངས། 422 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དུང་ཚོར་ཡི…
error: རྩོམ་འདི་བདག་དབང་ཅན་ཡིན།