ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དབྱིན་ཡུལ་སྐུ་གསུམ་གླིང་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་ལ་གཟུངས་གཞུག་དང་མཆོད་འབུལ་ཞུས་པའི་སྐོར།


དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཡོད་པའི་གཡུང་དྲུང་བོན་སློབ་གཉེར་ཁང་ངམ་སྐུ་གསུམ་གླིང་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་ལ་གཟུངས་གཞུག་དང་མཆོད་འབུལ་ཞུས་པའི་སྐོར།

༄༅།། ན་མོ་དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། བོད་སྐད་དུ་གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ།།

སྐུ་གསུམ་གླིང་གི་ནང་རྟེན་གཙོ་བོ་སྟོན་པའི་སྐུ་བརྙན་ཐོག་རྩེག་གཉིས་ཅན་འདི་ནི་ད་སྔོན་ནུབ་གླིང་ཁུལ་དུ་བོན་གྱི་སྟོན་པ་ཆེ་ཤོས་ཤིག་ཆགས་ཡོད། རྟེན་བདག་བླ་མ་ཁྱིམ་གསར་རིན་པོ་ཆེ་ནི་བོད་ལྗོངས་ཀྱི་ལྷོ་རྒྱུད་དུ་ཆགས་པའི་གྲོ་མོ་པདྨ་སྒང་དུ་སྐུ་འཁྲུངས་པ་མ་ཟད་ཞུ་རྣམ་རྒྱལ་གྲགས་པའི་བླ་མའི་བླ་བྲང་གི་ཁྱིམ་རྒྱུད་འཛིན་མཁན་གྱི་བླ་མ་ཞིག་ཡིན། བླ་མ་ཁོང་གིས་གསུངས་གསལ་ལྟར་ན་གྲོ་མོའི་ཁུལ་དུ་དུས་འགྱུར་གོང་བོན་དགོན་ལྔ་དང་རི་ཁྲོད་གཅིག་ཡོད་པ་དང་། དེ་དག་ལས་ད་ལྟ་ཉམས་གསོ་ཐུབ་པ་གྲོ་མོ་སྤུངས་མོ་དགོན་གཅིག་པུ་ཡིན་པར་གསུངས། དེ་ཡང་གྲོ་མོ་པདྨ་དགོན་དང་། ལྷ་རི་ཉི་ཕུག རི་ཁྲོད་རྡོ་སྐྱོར་བཅས་ནི་༧ཞུ་རྣམ་རྒྱལ་གྲགས་པས་ཕྱག་བཏབ་པ་དང་། དགོན་པའི་རྟེན་གཙོ་སྟོན་པ་བྱིན་ཅནཞུ་བ་ཞིག་བཞེངས་གནང་འདུག དེར་མཚུངས་དྲུང་མུ་༧དཔོན་སློབ་ཀྱིས་ཕྱག་བཏབ་པའི་ཤུག་པ་བསྟན་ཤུག་དགོན་༼དགོན་པ་འདི་དགེ་ལྡན་པས་ཞལ་བསྒྱུར་ཏེ་བཀྲ་ཤིས་ཆོས་གླིང་ཞེས་མིང་བཏགས།༽ཞེས་པ་ཞིག་དང་། པདྨ་དགོན་རང་དུ་ཤར་དམངས་དགོན་དང་ནུབ་དམངས་དགོན་ཞེས་པ་གཉིས་དང་། དེ་འབྲེལ་གཤེན་ཚང་གི་བདག་སྐྱོང་གནང་བའི་བྲག་ལྷ་ཁང་ངམ་གྲགས་དཀར་དགོན་བཅས་ཡོད་པར་གསུངས། ཕྱིས་མཁར་སྣའི་དགེ་སློང་གཡུང་དྲུང་ཚུལ་ཁྲིམས་གྲོ་མོ་རུ་ཡུན་རིང་བཞུགས་ནས་དད་ལྡན་རྣམས་ལ་ཨ་སྙན་རྫོགས་གསུམ་གྱི་དབང་ལུང་ཁྲིད་གདམས་བསྩལ་ཡོད་པ་དང་། དེ་འབྲེལ་༧སྐུ་འདུན་བསྟན་པ་བློ་གྲོས་ཀྱི་དབུས་པའི་རབ་ལེགས་གཡུང་དྲུང་གླིང་དང་བཀྲིས་སྨན་རིའི་གླིང་སོགས་ནས་བླ་སྤྲུལ་དགེ་བཤེས་མང་པོ་སྤུངས་མོ་དགོན་ལ་ཕེབས་ཏེ་མཆོད་འབྲེལ་གནང་གི་ཡོད་པར་གསུངས།

9བླ་མ་ཁྱིམ་གསར་རིན་པོ་ཆེ་འམ་ཡང་ན་ཡེ་ཤེས་རབ་གསལ་དབང་རྒྱལ་ནི། ཐོག་མར་རྡོར་རྗེ་གླིང་མངའ་ཁུལ་་ལ་དབྱིན་ཡིག་དབྱིན་སྐད་སོགས་དེང་དུས་ཀྱི་ཤེས་ཡོན་ཁག་ལ་ལོ་མང་སློབ་སྦྱོང་གནང། དེ་བཞིན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་༧རྣལ་འབྱོར་བརྩོན་འགྲུས་རྒྱལ་མཚན་གྱིས་གཙོས་བོན་གྱི་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ། བོན་ཕྱི་ནང་གསང་གསུམ་གྱི་ཟབ་གདམས་མང་པོ་ཞུས་ཞིང་རྒྱུན་དུ་སྒྲུབ་པ་ཉམས་ལེན་ལ་གཞོལ་བ་དང་། ཕྱི་གླིང་དུ་ཕེབས་ནས་སློབ་མ་རྣམས་ལ་བོན་གྱི་ཁྲིད་གདམས་སྩོལ་བཞིན་བསྟན་དོན་མཛད་འཕྲིན་ལ་བྲེལ་བཞིན་མཆིས། ལྷག་ཏུ་ཁོང་གིས་ནུབ་གླིང་ཁུལ་དུ་གསར་འཛུགས་གནང་བའི་བོན་ཚོགས་༼ཀུན་གཞི་གླིང༽དང་། ༼སྐུ་གསུམ་གླིང་༽གཙོས་འགའ་ཞིག་ཡོད་ཀྱང་གཙོ་བོ་ཁོང་ལོན་ཌོན་གཡུང་དྲུང་བོན་སློབ་གཉེར་ཁང་ངམ་སྐུ་གསུམ་གླིང་དུ་མཛད་འཕྲིན་སྐྱོང་བཞིན་བཞུགས་ཀྱི་ཡོད།

6ཁོང་གིས་སྐུ་གསུམ་གླིང་ལྷ་ཁང་དུ་རྟེན་གཙོར་རྒྱུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ཐོག་རྩེག་ཅན་ཞིག་བལ་པོའི་ལྷ་མགར་མཁས་ཅན་ལ་བཞེངས་བཅུག་ནས་ཉེ་ཆར་དབྱིན་ལེན་དུ་གདན་འདྲེན་ཞུས་པ་དང་། དེ་རྗེས་ངེད་ཅག༼དགེ་བཤེས་བསྟན་འཛིན་སྦྱིན་པ། དགེ་བཤེས་ལུང་རིག་རྣམ་དག མཁན་ཟུར་ཉི་མ་དབང་རྒྱལ་རིན་པོ་ཆེ།༽གཟུངས་གཞུག་འབུལ་དུ་ཡོང་དགོས་པའི་རེ་བསྐུལ་གནང་དོན་ལྟར་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༠༧ པའི་ཚེས་ ༡༢ ཉིན་ངེད་ཚོ་སྐུ་གསུམ་གླིང་དུ་འབྱོར། ཚེས་ ༡༣ ནས་གཟུངས་གཞུག་གི་ཕྱག་ལས་དབུ་གཙུགས་ཤིང་མཁན་ཆེན་ཉི་མས་མཛད་པའི་གཟུངས་གཞུག་གི་ལག་ལེན་ལྟར་རྒྱས་པ་ཚར་གསུམ་ཕུལ། སྟག་ལ་སྤུ་གྲི་དམར་ནག་གཉིས་ཀྱི་གཞུང་བསྲངས་ནས་ཚོགས་མཆོད་ཕུལ་བ་དང་། རྣམ་རྒྱལ་གཡང་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་མཆོད་འབུལ་ཞུས།

དེ་འབྲེལ་མནན་གཟིར་ལྡོག་མེད་འབྱུང་བའི་སྟོབས་ལྡན་དང་། རྟེན་གྱི་གཟུངས་གཞུག་འབུལ་བྱེད་གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ་བཅས་ཀྱི་ཕྱག་ལེན་ཚད་ལྡན་ཚུལ་མཐུན་ཞུས་ཏེ། འབྱུང་ལྔ་དང་། ཁྲི་འཕང་། གདུང་ཆེན། སྐུ་གཟུགས་བཅས་ལ་དགོས་སོ་ཅོག་གི་སྲོག་ཤིང་ཕུན་སུམ་ཚོགས་པར་བྱས་ཐོག་ལྷ་རྫས་དང་། མཆོད་རྫས། དམ་རྫས། གཏེར་རྫས། གསུང་རབ་༼ཁམས་ཆེན་དུམ་པ་བཅུ་དྲུག༽བཅས་གོ་རིམ་ལྟར་འདོན་མཆོད་དང་ལྷན་དུ་སྦྲེལ་ནས་གནས་སོ་སོར་ཕུལ་བ་མ་ཟད་གཏེར་བུམ་དགུའི་ནང་དཔལ་མགོན་དང་གཅན་ལྷའི་གཟུངས་གཞུག་སོ་སོར་སྒྲིལ་ཏེ་གསེར་དངུལ་རིན་ཆེན་འགང་ཆེན་དུ་མ་དང་། སྨན་སྤོས་དྲི་བཟང་གིས་བྱུར་བུར་ཁེངས་པར་བྱས་ཤིང་དར་རས་ཀྱི་ན་བཟའ་གསོལ་ནས་སྟེང་འོག་འཁོར་ལོ་དང་བཅས་ཕྱོགས་སོ་སོར་མ་ནོར་བར་བཞུགས་སུ་གསོལ། དམིགས་བསལ་༧སྐྱབས་རྗེ་མཁན་སློབ་རྣམ་པས་ཁོང་ལ་བསྩལ་གནང་བའི་དམ་རྫས་རྩ་ཆེན་དང་། དཔེ་ཆ།༼སྙན་རྒྱུད་འབྲིང་པོ་སོར་བཞག༽ལྷ་སྐུ་༼མ་རྒྱུད་གསང་མཆོག་མཐར་ཐུག་ཡབ་ཡུམ་༽བཅས་རྩ་བའི་སྲོག་ཤིང་དང་ལྷན་དུ་སྐུ་བརྙན་གྱི་ནང་བཅུད་དུ་ཕུལ། དེ་རྗེས་གཅན་ལྔ་འཁོར་ལོས་བཏེགས་པའི་ཁྲི་ལ་རྟེན་གཙོ་བཞུགས་སུ་གསོལ་ནས་བཀྲ་ཤིས་བྱིན་ཆེའི་འདོད་གསོལ་སྨོན་ལམ་གྱིས་མཚམས་སྦྱར་ཞུས། ཚེས་ ༢༦ ཉིན་བཀྲ་ཤིས་གསོལ་ཤིང་རྣམ་རྒྱལ་གཡང་སྒྲུབ་ཀྱི་འཕྲིན་ལས་མཇུག་བསྡུ་ཞུས་རྗེས་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ལྟར་རབ་གནས་བསྡུས་པ་ཞིག་ཕུལ་མཚམས་ཐེངས་འདིའི་འཕྲིན་ལས་ཀྱི་འཇུག་པ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༢༧ ཉིན།

(སྤྱིའི་གཟིགས་གྲངས། 68 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །འདི་ལ…
error: རྩོམ་འདི་བདག་དབང་ཅན་ཡིན།