ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་གི་དབྱར་ཁྲིད་ཆེན་མོ་ལེགས་གྲུབ་ཟིན་པའི་གནས་བསྡུས། (༢༠༡༧)

༢༠༡༧དབྱར་ཁྲིད་སྐབས།༠༡༄༅། །འདི་ལོའི་དབྱར་ཁྲིད་ནི་ལོ་སྔོན་མའི་ཁྲིད་མཚམས་ནས་མུ་མཐུད་དེ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་གདམས་ཁྲིད་བཀའ་དྲིན་བསྐྱངས་པ་རེད། བསྟན་པ་རིན་པོ་ཆེ་འདི་ལ་ལོངས་སུ་སྤྱོད་པའི་སྐལ་པ་དང་ལྡན་ཞིང་༧ཡོངས་འཛིན་དགེ་བའི་བཤེས་གཉེན་༧སྐྱབས་རྗེ་དཔོན་གསས་བླ་མའི་ཞལ་མཇལ་གསུང་ཐོས་ཀྱི་བྱིན་རླབས་ཐོབ་པའི་ནུབ་ཕྱོགས་པའི་སློབ་མ་བརྒྱ་སྐོར་ཞིག་༧དཔལ་གཤེན་བསྟན་དར་རྒྱས་གླིང་དུ་མ་བོས་ངང་གིས་འདུ་བ་དང་། ཁོང་ཚོ་ནི་སྐོམ་པ་ཞུ་འདོད་དང་ལྟོགས་པ་ཟས་འདོད་ལྟར་གསུང་གི་གདམས་ངག་ལ་གསན་བསམ་ཉམས་ལེན་གྱིས་རང་རྒྱུད་འདུལ་བའི་ཐབས་ལ་བརྩོན་པ་ལ་དགའ་བ་ནི་མི་ཚེའི་བདེ་སྐྱིད་སྒྲུབ་པའི་ལེའུ་ཞིག་ཏུ་བསམ་བཞིན་ཡོད། 2017དབྱར་ཁྲིད་སྐབས།༦དེ་ཡང་མི་ཚེ་སྐར་འོད་ཙམ་ལ་བརྟེན་པའི་དལ་འབྱོར་གྱི་ལུས་ཅན་འགྲོ་བ་ཕོ་མོ་ཕལ་ཆེ་བ་ནི་འཁོར་བའི་སྡུག་བསྔལ་ལ་བདེན་པར་བཟུང་བ་དང་། ཆགས་ཞེན་གྱི་འཛིན་པ་རགས་པས་བསྡམས་ཤིང་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པར་བདེ་བ་རུ་རློམ་ནས་དང་དུ་ལེན་བཞིན་ཡོད་པ་ནི་ཀྱེ་མ་ཀྱི་ཧུད། འོན་ཀྱང་མུན་པའི་ནང་ནས་སྒྲོན་མེ་ཞེས་པའི་དཔེ་ལྟར་རང་སེམས་རྣལ་མར་གནས་ཤིང་དགེ་སྡིག་ལས་འབྲས་ལ་བསམ་ཤེས་ཐོབ་པའི་སྐྱེས་བུའི་ཚོགས་རྣམས་ནི་གཡུང་དྲུང་སེམས་པའི་སྤྱོད་པ་ལ་གནས་ཤིང་གཞན་དོན་ཁུར་དུ་ལེན་བཞིན་མཆིས། ཆོས་ལུགས་གྲུབ་མཐའི་སྒོ་རུ་ཞུགས་པ་ཤས་ཆེ་བ་ནི་གྲུབ་མཐའི་འཐབ་རྩོད་དང་། བཟང་ངན་དཔྱས་འདོགས་ཀྱི་མུ་རུ་ལྷུང་བ་མ་ཟད་ཀུན་བརྟགས་ཀྱི་འདུ་ཤེས་རགས་པས་ཡང་དག་པའི་སེམས་དོན་སྒྲིབ་བཞིན་ཡོད་ནའང་གང་ཟག་རེ་རེའི་བློ་གྲོས་ཀྱི་ཟབ་ཞན་དང་། སྔོན་ལས་ཀྱི་བག་ཆགས་བཟང་ངན་དབང་གིས་མདོ་སྔགས་ལམ་རིམ་གྱི་གཞུང་དོན་ལ་གོ་རྟོགས་ཟབ་མིན་གྱི་ཁྱད་པར་ཡོད་པ་ནི་སྤྱིར་བཏང་ཙམ་ཡིན། ༢༠༡༧དབྱར་ཁྲིད་སྐབས།༤དེ་དག་ལས་༧ཡོངས་འཛིན་དགེ་བའི་བཤེས་གཉེན་དང་མཇལ་ཞིང་རྫོགས་པ་ཆེན་པོའི་བོན་ལ་བློ་སྦྱོངས་ནས་ཉམས་སུ་ལེན་པ་ནི་ཉིན་སྐར་ལྟ་བུ་དང་། ཨུད་འབར་ལྟ་བུའི་རང་བཞིན་ཏུ་གྱུར་པ་ནི་ཨེ་མ་ངོ་མཚར་ཆེའོ་ཞེས་སོ། །དེ་ལྟར་སྔོན་ལས་ཀྱི་བག་ཆགས་བཟང་པོ་དང་གནས་སྐབས་ཀྱི་རྒྱུ་རྐྱེན་ཡང་དག་གཉིས་ཟུང་དུ་འཇུག་པའི་སྟབས་ལས་ཚེ་ཡི་ལྷག་མ་འདིར་གཟོད་ཡང་དག་པའི་སེམས་དོན་ལ་བརྩོན་པའི་སློབ་མ་མང་པོས་ལོ་བསྟར་བཞིན་རྫོགས་པ་ཆེན་པོར་གསན་བསམ་ཉམས་ལེན་གནང་ནས་ད་བར་ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་དུ་༧ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་རྗེས་སུ་འཛིན་པའི་ཚུལ་འདི་ནི་གསར་པ་ཞིག་ལར་ནས་མ་རེད། ད་དུང་འཆད་ཁྲིད་ཀྱི་དུས་ཚིགས་ལ་གཙིགས་སུ་བྱེད་ནས་གནམ་གྲུ་ཆུ་ཚོད་བཅུ་གྲངས་ཀྱི་ལམ་ནས་གནས་འདིར་ཡོང་བ་ནི་ལས་སླ་པོ་ཞིག་ག་ལ་ཡིན། ད་སྔོན་རིན་པོ་ཆེ་རྣམ་གཉིས་ནས་སྐུ་ངལ་དང་འོ་བརྒྱལ་གང་ཞིག་བྱུང་ན་ཡང་བསྟན་འགྲོ་ཁོ་ནར་ཐུགས་སེམས་བཞེས་ཏེ་ཕྱི་གླིང་པའི་ཉེ་འཁོར་སློབ་མ་རྣམས་ལ་ཨ་སྙན་རྫོགས་གསུམ་དང་། ཡེ་ཁྲི་བཅས་རྫོགས་པ་ཆེན་པོའི་གཞུང་ཆེན་བཞི་དང་། ཡན་ལག་གི་བོན་སྐོར་བཅས་ནས་རིམ་པས་སྔོན་འགྲོ་དང་། དངོས་གཞིའི་ཁྲིད་ཐུན་བརྒྱ་ཕྲག་དང་། སྟོང་ཕྲག ཁྲི་ཕྲག་མང་པོའི་སྒོ་ནས་སློབ་ཚོགས་བསྐྱངས་གནང་ཡོད་པ་ནི་དུས་རབས་ཤིག་གི་ནང་དུ་གསུབ་ཏུ་མེད་པའི་མཛད་རྗེས་ཤིག་ཏུ་ཁུམས།

༢༠༡༧མཉམ་པར།སྐབས་ཀྱི་གནས་ཚུལ་ཏེ་འདི་ལོར་ནུབ་གླིང་པའི་རྒྱལ་ཁོངས་མི་འདྲ་བ་ནས་ཕེབས་པའི་སློབ་མ་བརྒྱ་ཕྲག་ལྷག་གཤེན་བསྟན་དར་རྒྱས་གླིང་དུ་དབྱར་ཁྲིད་ལ་གམ་བསྐྱར་ཞུས་པ་དང་། 2017དབྱར་ཁྲིད་སྐབས།༢ཕྱི་ཟླ་ ༠༧ ཚེས་༢༣ ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་ཀྱིས་དབྱར་ཁྲིད་ཆེན་མོ་དབུ་འཛུགས་གནང་སྟེ་སྔ་ཕྱི་དྲོར་ཁྲིད་ཐུན་རིམ་པས་བཀའ་དྲིན་བསྐྱངས། ལྷག་ཏུ་གསང་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དགུང་གྲངས་ ༩༣ རུ་ཕེབས་ན་ཡང་འགྱུར་མེད་ཀྱི་སྐུ་གཟུགས་གསལ་ཞིང་དྭངས་པ་དང་། འགག་མེད་གསུང་གི་བདུད་རྩི་འགྲོ་ལ་འབེབ་ཅིང་། འཁྲུལ་མེད་ཐུགས་ཀྱི་དགོངས་པའི་ཀློང་དུ་ལྷུན་འགྲུབ་ཡོན་ཏན་གྱི་ཕུང་པོ་བྱེ་བ་ས་ཡ་རྫོགས་ཏེ་སྐུ་མཆོག་ཉི་ཟླའི་དཀྱིལ་འཁོར་ལྷན་ནེ་ལྷམ་མེར་བཞུགས་པ་ནི་སྐྱེ་འགྲོ་བདེ་སྐྱིད་ཀྱི་དཔལ་དུ་གྱུར། དེ་ལྟའི་ཉིན་ཞག་ཉེར་གཅིག་རིང་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་ལུང་དྲུག་གཙོས་ཁྲིད་གདམས་ལེའུ་ཚན་རྣམས་གཏོང་བཞག་ཚོད་ལ་རན་པར་ཁྲིད་བཏབ་པ་དང་། དེ་བཞིན་སྒོམ་ཉམས་ལེན། མཆོད་སྦྱིན་དགེ་སྦྱོར་གྱི་རིམ་པ་རྣམས་ལོ་བསྟར་བཞིན་བཀའ་དྲིན་བསྐྱངས་ཏེ། མིག་ལྟོས་བཞག་གནང་བ་ནི་ཐེག་པ་དང་གྲུབ་མཐའི་གཞུང་ལུགས་འཛིན་པ་རྣམས་ཀྱི་གཟི་བརྗིད་དང་རྒྱན་དུ་མཛད་པའོ། །ཕྱི་ཟླ་ ༠༨ ཚེས་ ༡༡ གི་དེ་རིང་དབྱར་ཁྲིད་བདུན་ཚིགས་གསུམ་པའི་ཁྲིད་གདམས་ལེའུ་གྲུབ་རྗེས་དགེ་སློབ་ཐུན་མོང་གིས་བོན་སྡེ་འདིའི་གསལ་བྱེད་བླ་མ་སྙ་ཆེན་ལི་ཤུ་སྟག་རིང་གི་ཕྱི་སྒྲུབ་ཆོ་གའི་སྒོ་ནས་བཏང་རག་ཚོགས་མཆོད་ཕུལ། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་། མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་བཅས་རིན་ཆེན་རྣམ་པ་གསུམ་གྱི་གསོལ་འདེབས་རྣམས་རིམ་པས་ལན་གྲངས་དང་བཅས་དབྱངས་སུ་གྱེར་ཞིང་སྐུ་ཚེ་ཡུན་ཏུ་བརྟན་པའི་ཚེ་བསྙེན་གྲངས་སུ་བསགས། མཐའ་བཀྲ་ཤིས་དང་སྨོན་ལམ་གྱིས་བརྒྱན་ཏེ་དབྱར་ཁྲིད་ཆེན་མོ་མཇུག་བསྡུ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་༢༠༡༧ཟླ་༠༨ཚེས་༡༡ཉིན།

(སྤྱིའི་གཟིགས་གྲངས། 55 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སློབ་སྦྱོང…
error: རྩོམ་འདི་བདག་དབང་ཅན་ཡིན།