ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡེན་ཁམས་སོ་གསུམ་གྱི་སྐོར་ཞིག་ཟུར་དུ་གླེང་བ།

 

2.pic_hd

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

དང་པོ། གཡེན་ཁམས་སོ་གསུམ་སྤྱི་ཡི་བྱུང་ཁུངས།

       དེ་ལ་སྤྱིར་གཞུང་ཆེན་ཁག་ཏུ་འགྲོ་བའི་རིགས་བསྟན་པའི་སྐབས་སུ་རིགས་དྲུག་དང་། ཁམས་གསུམ། སྲིད་པ་གསུམ། ལྷ་སྲིན་སྡེ་བརྒྱད་སོགས་ཡོད་ཅིང་། དེ་བཞིན་ཐུན་མིན་བོན་གྱི་གཞུང་དུ་མ་ནས་གཡེན་ཁམས་སོ་གསུམ་ཞེས་པའི་སྐོར་འདི་ཡང་ཡང་འབྱུང་བཞིན་ཡོད་ཀྱང་། དེ་དག་བྱུང་བའི་ཁུངས་དང་སོ་སོའི་ངོས་འཛིན་རྒྱས་བཤད་ཅན་གྱི་དཔེ་ཆ་ཅུང་ཟད་མཇལ་དཀོན་པར་བརྟེན། ད་ལན་འབྲེལ་ཡོད་ཡིག་ཆ་ཁག་ཅིག་གི་དགོངས་དོན་ཟུར་ཕྱུང་གིས་དེ་དག་བྱུང་བའི་ཁུངས་དང་། སོ་སོའི་ཡིན་ལུགས་སྐོར་ཞིག་གླེང་འདོད་པ་ལ། ཐོག་མར་གཡེན་ཁམས་དེ་རིགས་གང་ལས་གྲོལ་བའི་ཕུགས་ནི། «སྲིད་པའི་མཛོད་ཕུགས་ཀྱི་གཞུང»ལས། 1 “སྲིད་པའི་ལྷ་མོའི་སྤྲུལ་པ་ནི། །གཤིན་བློན་འགོ་སྐྱ་རྗེ་དང་བཤོས། །གཤིན་བུ་འབྲིང་ང་མིང་སྲིང་གཉིས། །”ཞེས་པའི་སྐབས་ནས་བསྟན་པའི་སྲིན་བུ་བྲང་ང་དང་། སྲིན་ལྕམ་བྱུར་མ་གཉིས་ལས་གཡེན་ཁམས་སོ་གསུམ་ཇི་ལྟར་གྲོལ་བའི་ཚུལ་ནི། «འདུར་རྒྱུད་ཕྱར་བ་ཐང་ཆེན»གྱི་གཡེན་ཁམས་ཀྱི་བྱུང་ཚུལ་སྐོས་འདེབས་བསྟན་པའི་ལེའུ་ལས། 2 “དང་པོ་གཡེན་ཀྱི༼གྱི༽བྱུང་ཁུངས་ནི། །སྣང་ལྡན་དུག་ལྡན་ཟེར་ལྡན་གསུམ། །སྟོང་ལྡན་ནམ་མཁའ་དམར་ནག་ལ། །ཟེར་ལྡན་མུན་པའི་རྒྱལ་པོ་བྱུང་། །ཟེར་ལྡན་མུན་པའི་གདུག་རྩུབ་ལས། །དུག་ལྡན་འོད་ཟེར་ནག་པོ་གཅིག །དུག་མཚོ་ནག་མོའི་གཏིང་དུ་འདྲིལ། །དེ་ལས་མུན་པའི་ཕག་པ་གཅིག །འདོད་ཆགས་བྱ་ཡི་ཁ་ནང་ནས། །མུག༼མུ༽གེ་དབུལ་འགོང་བཀོད་དུ་རེམས། །ཞེ་སྡང་སྦྲུལ་གྱི་ཁ་ནང་ནས། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབས། །ཁ་གསུམ་དུག་ལྔའི་ཁ་རླངས་དེ། །སྲིད་བུ་ལོག་ཅན་སྟ་ལ་འདྲིམ། །སྲིད་ལྕམ་བྱུར་རེའི་མངལ་དུ་ཞུགས། །མུན་པའི་རྒྱལ་པོ༼པོས༽སྨོད་བཙུགས་པས། །གདུག་པའི་གྲོད་པ་གཅིག་ཏུ་སྨིན། །གྲོད་པ་རྡོལ་བའི་ནང་ཤད་ནས། །མིང་པོ་ལས་ཀྱི་བདུད་ལྔ་དང་། །སྲིང་མོ་འབྱུང་བའི་སྨན་མོ་ལྔ། །གནོད་བྱེད་ཕོ་ཕྱེད་མོ་ཕྱེད་སྲིད། །མིང་པོ་ལས་ཀྱི་བདུད་ལྔ་ནི། །འགྲན་ཏེ་ཡ་བོ་གཏོ་ཡི་བདུད། །རི་བ་དུག་འགྱེད་དཔྱད་ཀྱི་བདུད། །འཁོར་བའི་གཏིང་ནག་སེལ་གྱི་བདུད། །ང་མེད་ཆོམ་པོ་བོན་གྱི་བདུད། །རྐུན་བུ་གཟུང་མཆུ་སྨྲང་གིས༼གི༽བདུད། །གཏོ་དཔྱད་བོན་སྨྲང་སྒོ་འགགས་པས། །ལས་ཀྱི་བདུད་ལྔ་དེ་ལ་ཟེར། །སྲིང་མོ་འབྱུང་བའི་དམན་ལྔ་ནི། །མུན་ཟ་ནག་མོ་སེམས་ཀྱི་འདྲེ། །རླུང་ཟ་ཡང་སྨན་དབུགས་ཀྱི་འདྲེ། །མེ་ཟ་བྲག་ཀྱོན་དྲོད་ཀྱི་འདྲེ། །ཆུ་ཟ་ཀླུ་སྨན་ཁྲག་གི་འདྲེ། །ས་སྲིན་ནག་མོ་ཤ་ཡི་འདྲེ། །འབྱུང་བའི་ལུས་ལ་སྙད་ཚོལ་བས། །བསླུ་བའི་འདྲེ་ལྔ་དེ་ལ་ཟེར། །དུས་དང་བསྐལ་པ་དུས༼དེ༽ཙམ་ནས། །གདུག་བྱེད་ཕོ་ཕྱེད་མོ་ཕྱེད་ཀྱིས། །བཀའ་ཟླ་གཡེན་ཁམས་ཀུན་དང་རོལ། །དེ་ལ་བཀའ་ཟླའི་སྲིད་པ་ནི། །མུན་པའི་རྒྱལ་པོ་ཁྲམ་ཐོགས་ཀྱིས། །མ་རུངས་སེམས་འཆང་དམོད་སྔགས་བོར། །དམོད་སྔགས་དེ་ཡི་མཐུ་ཤུགས་ཀྱི༼ཀྱིས༽། །རྡུལ་གཅིག་ཡོངས་སུ་གྲུབ་པ་ལས། །བདུད་ཀྱི་ཕ་བོང་འགུལ་ཤེས་བསྲིད༼སྲིད༽། །དེ་ལ༼ལས༽བདུད་རྒྱལ་ཁེ་བེར་བྱུང་། །དེ་ལ་སྲིད༼དེ་སྲིད་༽པ་ཡབ་ཡུམ་བར་དུ་ཞུགས། ། དེ་ལས་མུན་སྒོང་ནག་པོ་གཅིག །ཁ་མེད་དབུགས་ཀྱི་བརྒྱ༼ཀྱིས་བརྒྱང༽བ་བྱུང་། །དེའི༼དེ༽ཡེ་ངམས་འཚམས་སུ་འདྲིལ་སྟེ༼ཏེ༽སོང་། །སྒོང་ང་ཡང༼སྒོ་ང་ཡེ༽ངམས་གཉིས་ཀྱི་བརྡོད༼ཀྱིས་བརྟོད༽། །ལྷ་དང་འདྲེ་གཉིས་བཞེད་མ་དུམ། །ལྷ་ཡི༼ཡིས༽སྨོན་ལམ་གྱེན་དུ་བཏབ། །ཡོད་ཁམས་སྡོང༼སྡོངས༽སུ་གྱུར་ཤིག༼ཅིག༽སྐད། །འདྲེའི༼འདྲེ་ཡིས༽དམོད་སྔགས་ཐུར་བུ་དམོད། །མེད་ཁམས་སྣོན་དུ་གྱུར་ཤིག༼ཅིག༽སྐད། །དེ་སྨོན་ལམ་གཉིས་ཀའི་མཐའ་བརྩན་བས༼བཙན་པས༽། །ལྷ་སྲིན་འདྲེས་པའི་གཡེན་དུ་རེད། །སྒོང༼སྒོ༽ང་སྤྲུལ་པ་མང་དུ་བསྟན། །འབྲས་བུ་ལྷན་སྐྱེས་བདུད་བཞི་གྲུབ། ། ཟེར་མ་ཀུན་དུ་འཐོར་བ་ཡིས། །བདུད་ཀྱི་ཕ་བོང་འགུལ་ཤེས་བཀས། །ནང་ནས་གཡེན་སྒོང་སུམ་བཅུ༼ཅུ༽གསུམ། །” ཞེས་པ་ཡན་གྱིས་གཡེན་ཁམས་སོ་གསུམ་རྩ་བའི་གྲོལ་ཁུངས་བསྟན།

གཉིས་པ། བྱུང་བ་སོ་སོའི་སྐོར།

གཅིག ཡར་གཡེན་གཉན་པོ་བཅུ་གསུམ།

     གོང་གསལ་སྒོ་ང་སོ་གསུམ་ལས་དང་པོ་ཡར་གཡེན་གཉེན་པོ་བཅུ་གསུམ་ཇི་ལྟར་བྱུང་བའི་སྐོར་ཡང་། «འདུར་རྒྱུད»དེ་ཉིད་ལས། 3 “དུང་སྒོང་བཅུ་གསུམ་གནམ་དུ་ཡར། །ཡར་གཡེན་གཉེན་པོ་བཅུ་གསུམ་སྲིད། །མཐའ་བ་དབལ་ཡོགས་ཁྲིན་དང་གསུམ། །སྲུན་པ་གཉེར་ལོ༼འོ༽འཚམས་དང་དྲུག །ཆེ་བ་དམུ་བདུད་བཙན་དང་གསུམ། །བཙུན་པ་སྲིད་སྐོས་ཕྱ་དང་གསུམ། །གཉན་པོ་ལྷ་དང་བཅུ་གསུམ་མོ། །”ཞེས་པས་བསྟན། གཤམ་དུ་གཡེན་ཁམས་རེ་རེ་ལའང་གནས་ཡུལ་དང་། ཡབ་ཡུམ་དང་རྒྱལ་བློན་སོགས་རིགས་དང་། སོ་སོའི་མིང་དོན་གང་ཡིན་དང་། བཟང་ངན་གཉིས་ལ་ལྟོས་པའི་བྱེད་ལས་དང་། སོ་སོར་འདུལ་བྱེད་ཀྱི་བོན་པོ་བཅས་ས་བཅད་ལྔ་རེ«འདུར་རྒྱུད་ཕྱར་བ་ཐང་ཆེན»ལྟར་དང་། གཞུང་དེར་མ་གསལ་བའི་གཡེན་ཁམས་སོ་སོ་འཁྲས་པའི་མཁར་གྱི་སྐོར། སྤྱི་སྤུངས་མཁའ་ཀློང་གསང་མདོས་ཀྱི«གླུད་མགྲོན་སྤྱན་འདྲེན་གཡེན་བཅོས»སུ་འགའ་ཞིག་གསལ་འདུག་པ་བཅས་རིམ་པས་འགོད་རྒྱུ་ལགས་ཤིང་། དེ་ཡང་ཡིག་ཚོགས་ཉུང་ཕྱིར་དེ་དག་ཨང་རིམ་གྱིས་མཚོན་ཚུལ་ནི་གཤམ་གསལ་ལྟར། ༡ གནས་སའི་ཡུལ། ༢ རྒྱལ་བློན་སོགས་རིགས། ༣ མིང་གི་དོན། ༤ བཟང་ངན་གྱི་ལས། ༥ འདུལ་བའི་བོན་པོ། ༦ འཁྲས་པའི་མཁར་བཅས་མཚོན་པར་བྱས་ཡོད།

༼གཅིག༽ ཡར་གཡེན་དབལ།

      ༡ དབལ་ཡུལ་ཐང་བརྒྱད། ༢ ཡབ་དབལ་བརྒྱ་ཟེ་ཟེ། ཡུམ་སྐུགས་སྟེ་ངུར་ངུར་མ། རྗེ་བོ་དབལ་གསས་ཟོ་བོ། དམག་དཔོན་འབྲུག་གསས་ང་རྒྱལ། རུ་དཔོན་ཚ་ལ་རྒྱུང་ནེ། དར་འཛིན་ཟེ་མ་འབྲུག་སླག སྐོས་མཁན་ནེ་རྒྱུང་དཀར་པོ། ཕྱག་བརྙན་ཁ་ཤོ་ཟ་འདོད། བཞིན་འདེབས་དབལ་གྱད་གཏུམ་པོ། ཕྙོ་ཕེའུ་པ་ཡང་བློན། ༣ དབལ་ངར་ཆེ་བས་དབལ། ༤ ལེགས་ན་དྲི་བཙན་གང་ཡང་ནོན། མ་ལེགས་དབལ་སོ་ཚུར་ཀྱང་ཟུག ༥ དབལ་བོན་རུམ་པོ། ༦ དབལ་མཁར་རྫོང་ལ་ཕྱ་རིང་།

༼གཉིས༽ཡར་གཡེན་ཡོགས།

     ༡ ཡོགས་ཡུལ་ཡོགས་ཐང་། ༢ ཡབ་ཡགས༼ཡོགས༽སྟེ་བོན་ཆེན། ཡུམ་ཡགྴ་ཕྱུག་མོ་བཙུན། སྲས་ཡོག༼ཡོགས༽ས་བདག་ལྕམ་དྲལ་དགུ། རྒྱལ་པོ་ཟ་བྱེད་ཁོ༼ཁ༽བོ་ཆེ། དམག་དོན་ཟ་བྱེད་ཁ་རྔམ་ཅན། རུ་དཔོན་གཉེར་ཡོགས་ཐང་པོ། དར་འཛིན་ཁྲིན་ཡོགས་དག་པ། སྐོས་མཁན་འཚམས་ཡོགས་ཡ་བོ། ཕྱག་བརྙན་བདུད་ཡོགས་བཀྲག་མེད། བཞིན་འདེབས་ཀབ་པ་ལི་ཐོག ཕོ་ཉ་བཙན་ཡོགས་གོང་སྐྱེན། སྟེང་གཡོག་མ་བེར་ཤེལ་ལྕགས། མ་ཡགས༼ཡོགས༽ཁྲི་བཞུར་སློད་མོ་ཆེ། ༣ ཡོགས་ཁ་བདག་པས་ཡོགས། ༤   ལེགས་ན་ཡོགས་ཁ་ཡགས་སུ་བསྒྱུར། ཉེས་ན་ལ་ཡོགས་མི་ལ་འདེབས། ༥ ཡོགས་བོན་གཏོད་རྒྱལ། ༦ ཡོགས་མཁར་རྩེ་དགུ།

༼གསུམ༽ཡར་གཡེན་ཁྲིན།

     ༡ ཁྲིན་ཡུལ་སུམ་སྟོད། ༢ ཡབ་ཁྲིན་རྒན་ཡ་བོ། ཡུམ་སྨྲ་བདག་བཙུན་མོ། རྗེ་བོ་ཁྲི་རྗེ་ཐལ་ཀ་མ། རྒྱལ་སྲས་ཁྲིན་བུ་དོད་ཙམ། ལྕམ་ཁྲིན་ལྕམ་སྲ་མ། ལས་དང་ཐབས་ལ་ཁྲིན་པ། མཁར་ལས་རྨོ་རྐོར་ཁྲིན་པ། བུ་སྲིང་བག་མར་ཁྲིན་པ། མནའ་དང་བྱད་ལ་ཁྲིན་པ། གཙིག་དང་ཁྲེམས་ལ་ཁྲིན་པ། ༣ སྙིང་ཁྲིན་ཆེ་བས་ཁྲིན། ༤ ལེགས་ན་སྙིང་ཁྲིན་འཁང་རྡོ་མེད། ཉེས་ན་ཁ་ཡོགས་ལྕེ་ཁྲིན་འབེབས། ༥ ཁྲིན་བོན་ཕྱུར་བ་ཕྱ་སངས། ༦ ཁྲིན་མཁར་རྫོང་རིང་།

༼བཞི ༽ཡར་གཡེན་གཉེར།

    ༡ གཉེར་ཡུལ་འཛང་ར་ཕྱ་སངས། ༢ ཡབ་གཉེར་རྒྱལ་གྲུབ་འཐབས་ཅེན་སྟེ། ཡུམ་གཉེར་བདག་བཙུན་མོ། གཉེར་རྗེ་ལོ་རྨང་རྒྱལ་བ། གཉེར་རྗེ་འཕྱོ་བ། མིང་ཚིག་ཡིག་ལ་གཉེར་བ། བཟའ་དང་འཕྲུལ་ལ་གཉེར་བ། དུག་སེལ་སྨན་ལ་གཉེར་བ། འཕྲུལ་བསྒྱུར་རྩི་ལ་གཉེར་བ། སྐུག་འགྱེད་གྱད་ལ་གཉེར་བ། བརྡ་སྤྲད་སྒྲ་ལ་གཉེར་བ། དག་བྱེད་ཁྲུས་ལ་གཉེར་བ། རྩི་དོག་ལོ་ལ་གཉེར་བ། ༣ གཉེར་ཁ་ལེན་པས་གཉེར། ༤ ལེགས་ན་གསོན་གྱི་གཉེར་ཀ་ལེན། ཉེས་ན་གཤིན་གྱིས་གཉེར་ཁྲམ་འདེབས། ༥ གཉེར་བོན་གཏོ་ཆེན། ༦ ༼འདིར་མཁར་མ་གསལ༽

༼ལྔ༽ཡར་གཡེན་འོ།

    ༡ འོ་ཡུལ་ངང་ར། ༢ ཡབ་རྒྱལ་པོ་ཁྲི་ལ། ཡུམ་བཙུན་མོ་ཁྲི་ལྕམ། སྲས་འམ༼འོ༽འབྱམ་ལྕམ་དྲལ། མི་དང་སྨྲ་ལ་འོ་འབྱམ། དུད་དང་ཕྱུག་ལ་འོ་འབྱམ། རྟ་དང་རྨང་ལ་འོ་འབྱམ། འབྲི་དང་སྲས་ལ་འོ་འབྱམ། ལུག་དང་གཡང་ལ་འོ་འབྱམ། ༣ འོ་མཉེན་ལེན་པས་འོ། ༤ ལེགས་ན་འོ་འབྱམས་སྙིང་ཉེ་མཛད། ཉེས་ན་འོ་ཡུག་ཐེའུ་བཙན་སློང་། ༥ འོ་བོན་འབྲང་ཟུ། ༦ འོ་མཁར་རྒྱལ་བ་རྒྱལ་འཛོང་།

༼དྲུག༽ཡར་གཡེན་འཚམས།

    ༡ འཚམས་ཡུལ་གད་པ་རྟ་རྨིག ༢ ཡབ་འཚབ་བདག རྒྱལ་མོ་བཙུན། འཚམས་རྗེ་ཡ་བ་འགོ་སྔོན། འཚམས་རྗེ་དག་པ་དབུ་དཀར། འཚམས་རྗེ་ཡ་བོ་དོས་དྲག འཚམས་རྗེ་ལྷེའུ་སྟོང་རྔམ་པ། འཚམས་སྲས་འཚམས་བུ་འབྲང་ཕྱུག འཚམས་ལྕམ་འཚམས་ཟ་ཁྱད་ཁྱུད། འཚམས་བློན་འགྱིང་བ། ༣ སོ་འཚམས་བསྲུང་བས་འཚམས། ༤ ལེགས་ན་འཚམས་སུ་མི་སྟོ། ཉེས་ན་འཚམས་རྡོལ་སློང་བར་བྱེད། ༥ འཚམས་བོན་ཡོ་ཁྲུན། ༦ ༼འདིར་མཁར་མ་གསལ༽

༼བདུན༽ཡར་གཡེན་དམུ།

      ༡ དམུ་ཡུལ་སྟེན་འབྲང་། ༢ དམུ་རྒྱལ་ནམ་མཁའི་ཀོ་རོར། ཡུམ་དམུ་བདག་བཙུན་མོ། དམུ་རྒྱལ་གེ་སྟང་གཉེར་བཞོན། རྗེ་བོ་དམུ་རྗེ་བཙན་པ། དམུ་དཔོན་དམུ་ཕྱུགས་སྙེར་བཞོན། རུ་དཔོན་གསང་བ་འོན་ཆེན། དར་འཛིན་རྐུགས༼ལྐུགས༽པ་འཛུམ་མེད། སྐོས་མཁན་དམུ་བློན་དག་པ། ཕྱག་བརྙན་འཐོམ་པོ་ཡོར་ཉག བཞིན་འདེབས་རྔོམ་བོ་ཉག་གཅིག ༣ དམུ་ཡད་མངའ་བས་དམུ། ༤ ལེགས་ན་དམུ་དག་གནམ་ནས་འཛིན། ཉེས་ན་དམུ་གབ་གནམ་ནས་གཡོས། ༥ དམུ་བོན་བཙན་པ་ཡེ་ཏན། ༦ དམུ་མཁར་རྒྱལ་འཛང་།

༼བརྒྱད༽ཡར་གཡེན་བདུད།

༡ བདུད་ཡུལ་ནག་པོ་བྲག་ར། ༢ ཡབ་གནམ་བདུད་ཆེན་པོ། ཡུམ་ཆུད་ཟ་བཙུན་མོ། རྒྱལ་པོ་རི་སྟེ་འགོང་ཉག རྗེ་བོ་བདུད་རྗེ་རྨང་ཁུག དམག་དཔོན་ཤེལ་ལེ་རུ་ཙེ། རུ་དཔོན་ཁྱུང་རུ་འཇོག་པོ། དར་འཛིན་ནག་པོ་བཀྲག་མེད། བདུད་བློན་ཆ་ག་རེང་པོ། ལྷ་བདུད། ཀླུ་བདུད། བཙན་བདུད། མི་བདུད་སོགས། ༣ བདུད་དུ་རེབས་པས་བདུད། ༤ ལེགས་ན་མཐུ་ཡི་སྡོང་གྲོགས་བྱེད། ཉེས་ན་སྲོག་གི་བདུད་དུ་འབེབས། ༥ བདུད་བོན་ཆབ་ལྕགས་མྱུར་བ། ༦ བདུད་མཁར་འབྱོར་ར་འབྱོར་རྫོང་།

༼དགུ༽ཡར་གཡེན་བཙན།

      ༡ བཙན་ཡུལ་ཀོ་ལ་ཀོལ་ཕུ། ༢ ཡབ་གནམ་བཙན་ཀ་ར། བཙུན་མོ་ས་བཙན་བལ་དྲུག་སྨན། རྒྱལ་པོ་གནམ་བཙན་བྱ་རུ་ཅན། བཙན་རྒྱལ་ཨག་ཤི་ཤེས། བཙན་རྒྱལ་ཤུབ་མི་སྨྲ། བཙན་ཡུལ་ཞེ་སྡང་སྒྲ་ཆེ། རྗེ་བོ་སྐྱེས་བུ་ལོང་བཙན། གནམ་བོན་དམག་བཙན་ཐོག་པ། རྒྱུག་དཔོན་ཡམ་ཤོད་དམར་པོ། དར་འཛིན་ས་བཙན་སྟེང་རུམ། སྐོས་མཁན་ཁ་བཞི་མིག་བརྒྱད། ཕྱག་བརྙན་མདའ་རབ་གོང་བཞིན། ཕོ་ཉ་རོག་པོ་རྐྱ་བདུན། ཕྱི་བློན་བཙན་རྒོད་སྡེ་བཞི། བཞིན་འདེབས་ཡ་བ་རྐྱ་གཅིག   ༣ བཙན་ཞིང་དྲག་པས་བཙན། ༤ ལེགས་ན་དྲི་མ་ཡགས་པར་བྱེད། ཉེས་ན་དྲི་མཚོ་ཁྲག་མཚོ་རྡོལ། ༥ བཙན་བོན་རྔམ་པ་མཚལ་ཆགས། ༦ བཙན་མཁར་དམར་པོ་སུལ་དྲུག

༼བཅུ༽ཡར་གཡེན་སྲིད།

     ༡ ཡུལ་སྲིད་ཡུལ་དང་མ། ༢ སྲིད་པ་ཤེལ་ཀེ་སྤུ་ཀེ། བཙུན་མོ་ཐམས་ཅད་སྐྱེད་བྱེད། རྗེ་བོ་སྲིད་རྗེ་འབྲང་དཀར། ལྷ་སྲིད་ལྷ་རབ་གཉན་རུམ་རྗེ། གཉན་སྲིད་གཉན་རུམ་གཏོད་རུམ་རྗེ། ཀླུ་སྲིད་ཀླུ་རབ་གཉན་རུམ། མི་སྲིད་མི་རབ་གླག་རུམ་རྗེ། གདོན་སྲིད་གདོན་རབ་བགེགས་རུམ་རྗེ། ཕྱུག་སྲིད་ཕྱུག་རབ་གཡང་རུམ་རྗེ། ༣ ཆབ་སྲིད་འཛིན་པས་སྲིད། ༤ ལེགས་ན་ཆུ་སྲིད་དབང་ཐང་སྤེལ། ཉེས་ན་སྲིད་ཁ་ལྡོག་པར་བྱེད། ༥ སྲིད་བོན་མུ་ཆོ། ༦ ༼འདིར་མཁར་མ་གསལ༽

༼བཅུ་གཅིག༽ཡར་གཡེན་སྐོས།

    ༡ ཡུལ་ནི་སྐོས་ཡུལ་དྲ་མ། ༢ རྒྱལ་པོ་སྐོས་རྗེ་དྲང་དཀར། བཙུན་མོ་སྐོས་བཞག་གཞི་འཛིན་མ། རྒྱལ་པོ་སྣང་བ་འོད་རུམ་རྗེ། དམག་དཔོན་རྒྱལ་པོ་འཚམས་རབ་རྗེ། རུ་དཔོན་བདུད་རབ་གཉན་རུམ་རྗེ། དར་འཛིན་གསལ་བ་འོད་རུམ་རྗེ། ཕྱི་བློན་ཟིལ་པ་ལྕག་རུམ་རྗེ། ནང་བློན་སྐྱེ་བ་ཤིང་རུམ་རྗེ། ཕྱག་བརྙན་ཀ་རབ་རྨང་པོ་རྗེ། སྐོས་བུ་ལྕམ་དྲལ་བཅུ་དྲུག ༣ སྐོས་མཁན་མཛད་པས་སྐོས། ༤ ལེགས་ན་ཤི་གསོན་སྐོས་ཀྱང་འབྱེད། ཉེས་ན་གཟུ་ཁ་ལོག་པར་སྟོན། ༥ སྐོས་བོན་གཙུག་དང་ཁྲོལ་བ། ༦ ༼འདིར་མཁར་མ་གསལ༽

༼བཅུ་གཉིས༽ཡར་གཡེན་ཕྱ།

    ༡ ཡུལ་ཕྱ་ཡུལ་སྣང་ཐང་། ༢ ཡབ་ཕྱ་རྒྱལ་ཡབ་ལྷ། བཙུན་མོ་དམུ་ཟ་སྲིད་འཛིན། རྗེ་བོ་ཁ་རྗེ་ཐང་པོ། དམག་དཔོན་སྔོ་དེ་ཡ་བོ། རུ་དཔོན་ཕྱ་བླ་བྲམ་ཤིང་། དར་འཛིན་ཕྱ་རྗེ་རེང་ཁུག ཕྱག་བརྙན་བྱི་ནུ་ར་ཙ། ཕྱ་ཕུགས་གདགས་ཀྱི་དྲལ་བཞི། གཡང་ཕུགས་སྲིབ་ཀྱི་ལྕམ་བཞི། ༣ ཕྱ་ཚེ་སྤེལ་བས་ཕྱ། ༤ ལེགས་ན་ཕྱ་གཡང་རུ་མ་འཛིན། ཉེས་ན་ལོ་ཕྱུགས་དབྱར་ཡང་ལེན།   ༥ ཕྱ་བོན་ཀྱུ་ར་ཀྱུར་ཆུང་། ༦ ༼འདིར་མཁར་མ་གསལ༽

༼བཅུ་གསུམ༽ཡར་གཡེན་ལྷ།

    ༡ ཡུལ་ལྷ་ཡུལ་ཡེ་སང་། ༢ རྒྱལ་པོ་གནམ་ལྷ་དཀར་རྗེ། ཡུམ་བཙུན་མོ་མཛེས་ལྡན། རྗེ་བོ་ལྷ་དབང་བརྒྱ་བྱིན། དམག་དཔོན་མ་ཧ་དེ་བ། རུ་དཔོན་ཀར་མ་ཡགས་པ། དར་འཛིན་ལྷ་བཙན་པ་སྟང་། སྐོས་མཁན་ལྷ་རྗེ་ཟིན་འབྲང་། ཕྱག་བརྙན་ཁྲི་དེ་གསུམ་པོ། བཞིན་འདེབས་ཅང་སེ་སྒམ་པོ། འོལ་རྗེ་གནམ་གྱི་ལྷ་དགུ། ཚེ་འཛིན་སྲོག་ལྷ་ཉམས་ཆེན་དགུ། ས་ལ་གནས་པའི་ལྷ་དགུ་སོགས། ༣ ལྷ་རུ་ཆེ་བས་ལྷ། ༤ ལེགས་ན་མི་སྲོག་ལྷ་ཡིས་འཚོ།   མ་ལེགས་ལྷ་སྡང་བདུད་དུ་འབེབས། ༥ ལྷ་བོན་ཐོད་ཀར་རྒྱལ་བ། ༦ མཁར། ༼འདིར་མཁར་མ་གསལ༽

གཉིས། བར་གཡེན་གཏོད་པོ་སྡེ་དགུ།

    དེ་ཡང«འདུར་རྒྱུད»ལས། “སྒོང་དགུ་བར་དུ་ཡན་པ་ལས། །ས་གཡེན་གཏོད་པོ་དགུ་རུ་སྲིད། །རྒྱུ་བ་ཉི་ཟླ་སྐར་དང་གསུམ། །འཕྱུར་བ་སྤྲིན་འཇའ་དལ་དང་གསུམ། །འཕྱོ་བ་ཟེར་ལོ་རྫི་དང་གསུམ། །”ཞེས་བར་གཡེན་གཏོད་པོ་སྡེ་དགུའི་སྐོར་མདོར་བསྟན་ཅིང་རྒྱས་བཤད་ནི།

༼གཅིག༽བར་གཡེན་ཉི།

    ༡ ཡུལ་དང་མ་ལྡེམ་དྲོ། ༢ ཉི་རྒྱལ་དགུང་གི་སྣང་དང་རྗེ། ཉི་བཙུན་ཏོག་བདལ་གདུག་མོ། ཉི་རྗེ་རྨ་རྒྱལ་ཧོས་འབྲང་། ལྷ་ཡི་བུ་མོ་གདུག་དྲོ་མོ། བཀྲ་ཤིས་ལྷ་ཡི་ཉི་མ་བདུན། གེ་མོ་བདུད་ཀྱི་ཉི་མ་བདུན། རང་བཞིན་སྲིད་པའི་ཉི་མ་བདུན། ཕན་གནོད་ལས་ཀྱི་ཉི་མ་བདུན། ༣ ཉི་མར་བརྟེན་པས་ཉི།   ༤ ལེགས་ན་ཐམས་ཅད་སྨིན་པར་བྱེད། ཉེས་ན་ཐན་པས་ས་ཚིག་གཏོང་། ༥ ཉི་བོན་དྲོ་མ་དྲོའུ་བཞུར། ༦ ཉི་མཁར་སྲོན་བུ་གཡུ་རྩེ།

༼གཉིས༽བར་གཡེན་ཟླ།

    ༡ ཟླ་ཡུལ་བྱེའུ་འོ་གང་གྲགས། ༢ ཟླ་རྒྱལ་ཁྲིགས་པ་གང་རྒྱལ། བཙུན་མོ་ཁྲི་ཟའི་ཉི་ལེ། ཟླ་རྗེ་དེ་ལ་མིག་དམར། ཕོ་ཉ་ཟླ་བ་བཅུ་གཉིས། ཡར་དཀར་ལྷ་ཡི་ཟླ་བ། མར་ཀམ་བདུད་ཀྱི་ཟླ་བ། རྗེ་བོ་ཟླ་རྒྱལ་ཉའོ། གདལ་པ་ཟླ་ནག་སྟོང་དྲི། ཟླ་ནག་བཞི། ཟླ་སྲིད་བཞི། ཚེས་ལྷ་རྒྱུ་ཡི་ཉུ་ལེ། ༣ ཟླ་བར་བརྟེན་པས་ཟླ། ༤ ལེགས་ན་མཐུན་སྦྱོར་དངོས་གྲུབ་སྟེར། ཉེས་ན་ཟླ་ནག་བདུད་དུ་གཏོང་། ༥ ཟླ་བོན་གྱེལ་དང་གྱེལ་ཡུག ༦ ཟླ་མཁར་ཁྲིག་སོ་རྒྱལ་བ།

༼གསུམ༽བར་གཡེན་སྐར།

      ༡ སྐར་ཡུལ་ཤང་མ་ཤང་སྨད། ༢ སྐར་རྗེ་རྒྱལ་དང་ནམ་རྗེ། བཙུན་མོ་སྐར་བཙུན་བྱང་མ། རྒྱལ་པོ་འབྱུང་བའི་སྐར་མ་བཞི། བློན་པོ་རྒྱུ་སྐར་ཉེར་བརྒྱད། ཕོ་ཉ་ལྡིང་སྐར་ཕོང་སྐར་གཉིས། སྐར་བདུད་གཟའ་མཆོག་འཁོར་གཡོག སྲིན་ཀླུ་འཚོས་པའི་དབང་ཆེན་མོ། མིང་པོ་གཟའ་བདུད་ར་ཧུ་ལ། སྲེང་མོ་དྲེགས་པའི་གདུང་མོ་བཞི། ལས་ལ་རྒྱ་བའི་གཟའ་ཆེནབརྒྱད། ༣ སྐར་ལ་བརྟེན་པས་སྐར། ༤ ལེགས་ན་སྣང་སྲིད་འཁོར་འདིངས་ལ། མ་ལེགས་གློ་བུར་ཧུར་ཐུམ་གཏོང་། ༥ སྐར་བོན་ཚེའུ་གདང་བཀྲ་གྱེར། ༦ སྐར་མཁར་ཚོགས་གུ་གདང་བཀྲ།

༼བཞི༽བར་གཡེན་སྤྲིན།

     ༡ སྤྲིན་ཡུལ་ལྷེ་ར་བུར་ཙམ། ༢ ཡབ་སྐྱི་འདངས་ངར་རྗེ། ཡུམ་སྨན་དང་ཞོགས་རྒྱལ། རྗེ་བོ་ཡེ་སངས་སྤྲིན་རུམ་རྗེ། བློན་པོ་རུ་སང་རླང་རུམ་རྗེ། ཕོ་ཉ་གནམ་ཆར་རོལ་པ་རྗེ། ལས་མཁན་ཆབ་ཤང་རྒྱལ་བ་རྗེ། རྗེ་མོ་ཆུ་བདག་ཏིང་ནམ། བློན་པོ་ཁ་བས་ལབས་ཅན་སྐྱོལ། ཡང་བློན་ཆབ་ཟིལ་མ་མོ་སྐར། ལས་མཁན་འཁྱགས་པ་རྒྱས་འདེབས་མ། ༣ སྤྲིན་ལ་བརྟེན་པས་སྤྲིན། ༤ ལེགས་ན་ཆར་ཆུ་དུས་སུ་འབེབས། ཉེས་ན་ཐོག་སེར་ཤ་སྣ་ཟུག ༥ ། སྤྲིན་བོན་བབ་ཐུལ་སྐྱོལ་པོ། ༦ སྤྲིན་མཁར་འོ་ཟ་དང་བ།

༼ལྔ༽བར་གཡེན་གཞའ།

      ༡ གཞའ་ཡུལ་ཁྱུད་མོ་གོང་གསུམ། ༢ གཞའ་ཡུལ་འོ་བརྒྱད་འབྲང་ཕྱུག་རྗེ། བཙུན་མོ་ཤ་ཟ་གཡུ་ཕྱུག་སྨན། མིང་པོ་དྲལ་པོ་རྣམ་གཉིས། སྟོད་ཀྱི་ཐང་བ་བྱ་རྫོང་། སྨད་ཀྱི་གཅུང་པོ་དཔྱིད་རྗེ། སྲིང་མོ་འོ་བརྒྱད་ཟི་ཕུང་མ། རྗེ་མོ་གཡུ་ལྡེམས་བོན་རོལ། བློན་མོ་ཇེ་ཆེ་ཐང་མོ། ཀར་ལྗང་མ་ཡི་སུམ་ཕུང་མ། ༣ གཞའ་ལ་བརྟེན་པས་གཞའ། ༤ ལེགས་ན་སྣང་སྲིད་རྒྱན་དུ་ཤར། ཉེས་ན་གཉན་དལ་སྣ་འདྲེན་བྱེད། ༥ གཞའ་བོན་ཁུག་རང་ཁུག་གེ ༦ གཞའ་མཁར་ཁ་མིག་རི་གསུམ།

༼དྲུག༽བར་གཡེན་དལ།

    ༡ དལ་ཡུལ་ཁ་ལ་མཐོང་སྒོ། ༢ གནམ་གྱི་དལ་རྗེ་ཆེན་པོ། ས་ཡི་དལ་བདག་བཙུན་མོ། དལ་རྗེ་དགོངས་ཏང་དཀར་པོ། དལ་བུ་མགོ་དགུ། ལོ་དལ་རུས་ཞན། ཟླ་དལ་ཤ་ཞན། ཞག་དལ་དུས་ཐུག་བྱེད་པ། ༣ དལ་བར་འདྲིམས་པས་དལ། ༤ ལེགས་ན་ནད་མེད་བདེ་བར་བྱེད། ཉེས་ན་དལ་ཡམས་ཀུན་ཏུ་འཁྲུགས། ༥ དལ་བོན་མཐོན་མི་དབུ་དཀར། ༦ ༼འདིར་མཁར་མ་གསལ༽

༼བདུན༽བར་གཡེན་ཟེར།

    ༡ ཡུལ་ཟེར་ཡུལ་མཁའ་སངས། ༢ རྗེ་བོ་གནམ་ཟེར་སྔོན་པོ། བཙུན་མོ་ས་ཟེར་སེར་མོ། རྒྱལ་སྲས་ཟེར་བུ་ལུས་པ། ཉིན་དགུ་ཉི་ཟེར་འདྲིམ་པ། མཚན་དགུ་ཟླ་ཟེར་འདྲིམ་པ། གཟའ་རྐུན་སྐར་མར་ཞན་པ། སྐྱ་རིང་འོད་ལ་ཞོན་པ། སྔོ་རིང་དུ་བར་འཁྲི་བ། སེར་རིང་ཉི་ཟེར་མདུང་ཡུག སྐར་མདའ་དུ་བ་མདུང་དྲི། ས་དྲོས་མེ་འོད་ལམ་མ། གནམ་ས་ཟེར་ཁེབས། མུན་སྲོད་ཟེར་འོད་མཆོང་རྒྱུག ༣ ཟེར་ལ་ཞོན་པས་ཟེར། ༤ ལེགས་ན་མུན་པ་དངས་པར་བྱེད། ཉེས་ན་ལྷ་འདྲེའི་སྣ་འདྲེན་བྱེད། ༥ ཟེར་བོན་གདང་སྙན་འགྱུ་བ། ༦ ༼འདིར་མཁར་མ་གསལ༽

༼བརྒྱད༽བར་གཡེན་ལོ།

    ༡ ཡུལ་ལོ་ཡུལ་གྲ་བརྒྱད།   ༢ ཕ་སྔོན་པོ་གཡུ་རིས། མ་སེར་མོ་བྱང་རིས། སྐོས་འདེབས་པར་ཁམས་ཆེ་བརྒྱད། རྒྱལ་པོ་ལོ་སྐོར་བཅུ་གཉིས། བློན་པོ་ཟླ་སྐོར་བཅུ་གཉིས། དམག་མི་ཞག་སྐོར་བཅུ་གཉིས། ཁ་འཛིན་ལོ་ལྷ་བཅུ་གཉིས། དར་འཛིན་ལོ་དཔལ་བཅུ་གཉིས། དོས་འཛུགས་ལོ་གཤེད་བཅུ་གཉིས། རྩང་ཟུག་ས་གཤེད་རྣམ་བཞི། གསུམ་མཐུན་ལྔ་ཟོར་བྱ་ཟུར། དུས་ཁང་སེར་ནག་བདག་པོ། ༣ ལོ་ཟླ་བདག་པས་ལོ་ཞེས་བྱ། ༤ ལེགས་ན་ཚེ་དཔལ་མཐུ་དབང་སྟེར། ཉེས་ན་ལོ་བདུད་བར་ཆོད་འབེབས། ༥ ལོ་བོན་རྩིས་འདེབས་སྐྱོལ་པ། ༦ ༼འདིར་མཁར་མ་གསལ༽

༼དགུ༽བར་གཡེན་རྫི།

    ༡ ཡུལ་རྫི་ཡུལ་དབྱིངས་བདལ། ༢ ཕ་རྫི་རྒྱལ་གནས་སྐྱ་ངད། མ་རྫི་བཙུན་ཏོག་མ་བསིར། བུ་རྫི་ལྕམ་ངད་སྲས་གཉིས། རྗེ་བོ་ཡེ་རྫི་ངད་པ། སྐྱོབས་མཛད་ལྷ་རླུང་དྲང་ང་། ཧུར་འདྲིམ་བདུད་རླུང་འདྲག་རླུང་། འབྱུང་བ་གཡོ་འཁྲུག་ནད་རླུང་། བསྐལ་པ་གཡོ་འཁྲུག་མུག་རླུང་། དྲི་བཙན་གཡོས་འཁྲུག་མཚོན་རླུང་། ༣ རྫི་ངད་ཞོན་པས་རྫི། ༤ ལེགས་ན་ངད་སྡིག་འབྱེད་པར་བྱེད། ཉེས་ན་གཡོ་འཁྲུག་ཀུན་གྱི་གཞི། ༥ རྫི་བོན་ཕྱུར་ཡང་ཕྱ་སངས། ༦ ༼འདིར་མཁར་མ་གསལ༽

གསུམ། ས་གཡེན་ཆེ་བ་བཅུ་གཅིག

     དེ་ཡང«འདུར་རྒྱུད»ལས། “བཅུ་གཅིག་ཟ་ལ་འདུག་པ་ལ། །ས་གཡེན་ཆེ་བ་བཅུ་གཅིག་སྲིད། །གཞི་འཛིན་ཀླུ་གཉན་རྒྱལ་དང་གསུམ། །ཁ་ཁྲིད་སྨན་གཟེད་སྲིན༼སྲི༽དང་གསུམ། །བཞིན་འདེབས་འདྲེ་སྲིན་བྱུར་དང་དགུ། །གཤིན་རྗེ་ཆུ༼ཆུད༽དང་བཅུ་གཅིག་གོ །”ཞེས་པས་ས་གཡེན་ཆེ་བ་བཅུ་གཅིག་གི་ཡིན་ཚུལ་མདོར་བསྟན་ཅིང་རྒྱས་པར་བཤད་པ་ནི།

༼གཅིག༽ས་གཡེན་ཀླུ།

    ༡   ཀླུ་ཡུལ་ནེ་ར་གསེང་སྔོན། ༢   ཡབ་ཆུ་བདག་ཀླུ་རྒྱལ། ཡུམ་ཟ་མཁན་མ་མོ། བུ་ཀླུ་བརྒྱད་མིང་སྲིང་། རྗེ་བོ་ཀླུ་རྒྱལ་འཇོག་པོ། དམག་དཔོན་གཙུག་ན་རིན་ཆེན། རུ་དཔོན་རྒྱལ་བ་བྱིན་ཆགས། དར་འཛིན་ཀླུ་བུ་འགྱེང་བརྩན། སྐོས་མཁན་ཟིན་སྲེག་ཐང་པོ། ཕྱག་བརྙན་ནག་པོ་གེལ་བ། བཞིན་འདེབས་ཧ་ཤང་དེ་བ་སོགས་མཛེ་རིགས་ཉི་ཤུ་རྩ་ལྔའི་བདག རྒྱལ་རྗེ་བྲམ་ཟེ་རྨང་གདོལ་རིགས། ༣ ཀླུ་རུ་མཆེས་པས་ཀླུ། ༤ མཆོད་ན་བུ་ནོར་ལོ་དཔལ་སྟེར། བསྡོས་ན་མཛེ་ནད་ཡམས་དུག་གཏོང་། ༥ ཀླུ་བོན་དབྱར་སྙ་གྱིམ་བུ། ༦ ཀླུ་མཁར་རྒྱལ་བ་རྒྱལ་འཛོང་།

༼གཉིས༽ས་གཡེན་གཉན།

     ༡ གཉན་ཡུལ་ཕོ་མ་གཡའ་སྟེང་། ༢ རྒྱལ་པོ་གནམ་གཉན་ཐོག་པ་རྗེ། བཙུན་མོ་ས་གཉན་བྱེ་མ་ཡགས། རྗེ་བོ་གཉན་རྗེ་གོང་སྔོན། དམག་དཔོན་ཁྲ་བོ་རུ་སྐྱོག རུ་དཔོན་ཐོད་དེ་རྒྱལ་བ། དར་འཛིན་གཉན་ཆེན་གོང་སྔོན། སྐོས་མཁན་ཁ་སྤྱང་རྒྱལ་བ། ཕྱག་བརྙན་ར་ཙ་མགོ་དགུ། ལས་མཁན་གཏུམ་པོ་ལག་དགུ། བཞིན་འདེབས་ལྟོ་ཕྱེ་ཁྲག་མེད། གནམ་ས་བར་སྣང་བྲག་ཤིང་ནགས་ཚལ་སྤང་རྡོའི་གཉན། ཡུལ་གཉན་ཟོ་དོར་བརྟན་མའི་ཚོགས། ༣ བརྗིད་ཅིང་གཉན་བས་གཉན། ༤ བསྟེན་ན་རྨང་གི་བུ་སྤེལ།   བསྡོས་ན་ཁྲོ་གཏུམ་མི་ལ་གཏོང་། ༥ གཉན་བོན་ཐང་ཐང་ཁྲོལ་བ། ༦ གཉན་མཁར་ཤུ་གུ་གཡེན་བཞི།

༼གསུམ༽ས་གཡེན་རྒྱལ།

     ༡ རྒྱལ་ཡུལ་ངང་པ་གཡུ་སྟེང་། ༢ རྒྱལ་པོ་རྒྱལ་དེའུ་ཆེན་པོ། བཙུན་མོ་སྔགས་སྟེ་གྲང་མོ་གཉིས། ཐོག་རྒྱལ་བྱིན་དཀར་པོ། དྲུང་གཅོ་བྱིན་སྨུག་པོ། རྗེ་བོ་ཡ་ཅོ་བྱིན་ཆེན། དམག་དཔོན་བྱིན་ན་ཡ་ཀ། རུ་དཔོན་ཤེལ་གེང་དཀར་པོ། དར་འཛིན་ཧ་ལ་གདུང་བརྒྱད། སྐོས་མཁན་ཐེའུ་ཏ་སྐྱེས་བུ། ལས་མཁན་ཁུ་ལེ་ལག་དགུ། བཞིན་འདེབས་ཙཀྲ་བོང་མཆུ། རྒྱལ་བྱིན་རྒྱལ་འགོང་རྒྱལ་ཐེའུ། ༣   རྒྱལ་པོར་དབང་བས་རྒྱལ། ༤ ལེགས་ན་བཀོར་སྤེལ་རྒྱལ་ཁ་འཛིན། ཉེས་ན་ཚེ་འཕྲོག་ཡ་ཀ་སྡུད། ༥ རྒྱལ་བོན་སོངས་པ་ཐོད་རྗེ། ༦ རྒྱལ་མཁར་བྱིན་མཁར།

༼བཞི༽ས་གཡེན་སྨན།

     ༡ སྨན་ཡུལ་ཀྱེ་མོ་དགྱེས་སྟེང་། ༢ ཡབ་གསེར་གྱི་ཕ་བོང་ཡ་མ་གྲུས། ཡུམ་གཡུ་ཡི་ཕ་བོང་། ཇོ་མོ་གནམ་སྨན་དཀར་མོ། ཇོ་མོ་རྐོང་བཙུན་དེ་མོ། ཇོ་མོ་ཀ་ཀ་སེར་མོ་ཐང་། ཇོ་མོ་ལྷ་རི་གཡའ་མ་སྐྱོལ། ཇོ་མོ་གངས་དཀར་ཤ་མེད། ཇོ་མོ་སྐྱི་འཐིང་གཡའ་མ་སྐྱོལ། ཇོ་མོ་ཁ་རག་ཁྱུང་བཙུན། ཇོ་མོ་ཤགས་ཀྱི་ལ་རོ་སྨན། ཇོ་མོ་འབྲོག་ཆེན་འཁོར་འདུལ། ཇོ་མོ་རྨ་ཏིང་ཤགས་ཀྱི་སྨན། ཇོ་མོ་གདའ་ལ་བཙུན་མོ། ཇོ་མོ་གངས་ཀྱི་གཡུ་སྒྲོན། རྨ་རི་རབ་འབྱམས་གྲག་མོ་རྒྱལ། ༣ མོ་སྨན་ཡིན་པས་སྨན། ༤ ལེགས་ན་བོན་གྱི་ཞིང་ཁམས་སྲུང་། ཉེས་ན་གཡོ་སྨན་བསླུ་བྱེད་མ། ༥ སྨན་བོན་འབྲིམ་ཏང་སྐྱོལ་པོ། ༦ སྨན་མཁར་གངས་ཀྱི་ར་བ།

༼ལྔ༽ས་གཡེན་གཟེད།

     ༡ གཟེད་ཡུལ་འཐོམ་བོ་ཕུ་གླིང་། ༢ ཡབ་སྟངས་ཀྱི་ཐོག་པ་རྗེ། ཡུམ་སྨན་བཙུན་པད་བདག རྒྱལ་གཟེད་བྱེད་རྒྱལ་ཐང་པོ། རྗེ་བོ་གཟེད་རྗེ་བཙུན་པ། བཙན་པ་གཟེད་བཙན་ཤོར་བ། སྲས་གཟེད་བུ་འཐོམ་བ། ལྕམ་གཟེད་མོ་རབ་དྲུག་མ། འགུ་རི་དམུ་མ་ལ་སོགས་གཟེད་མོ་ཕོ་སེམས་བསླུ་བྱེད། གཟེད་བུ་མོ་ཡིད་འཕྲོག་བྱེད། ༼འདི་ནས་མ་ཕྱི་ཆད༽ ༥ ལ་ཙ་ཁུག་པ། ༦ གཟེད་མཁར་ཤོར་བ།

༼དྲུག༽ས་གཡེན་སྲི།

༼འདི་སྐོར་མ་ཕྱི་ཆད་པས་འགོད་ཐབས་མ་བྱུང་། ༡ ཡུལ་ནི་གཡེན་འདུལ་བོན་པོའི་སྐབས་སུ། སྲི་ཡུལ་མུ་ནག་སེལ་གླིང་། ཞེས་གསལ༽ ༥ སྲི་བོན་མུན་པ་འཕྲུལ་རོལ། ༦ སྲི་མཁར།

༼བདུན༽ས་གཡེན་འདྲེ།

    ༡ ༼མ་ཕྱི་ཆད་འདུག་རུང་འོག་ཏུ་གཡེན་འདུལ་བོན་པོའི་སྐབས་སུ། འདྲེ་ཡུལ་སུལ་མང་། ཞེས་གསལ༽༢ ༼སྟོད་ནས་མ་ཕྱི་ཆད༽སུལ་གཅིག་དམེ་འདྲེ་གཡེན་པའི་སུལ། །སུལ་གཅིག་ནལ་འདྲེ་བསླུ་བའི་ཡུལ། །སུལ་གཅིག་མུག་འདྲེ་ཕ་ཟན་སུལ། །སུལ་གཅིག་ལྟས་ངན་མཚེ་འདྲེའི་སུལ། །སུལ་གཅིག་མནའ་བྱད་དུག་ཆུའི་སུལ། །སུལ་གཅིག་དྲི་བོ་དོར་ཤིའི་སུལ། །སུལ་གཅིག་ཐེའུ་རང་རྨང་འདྲེའི་སུལ། །སུལ་གཅིག་བགྲེན་འདྲེ་ཐོམ་ཆོལ་སུལ། །དེ་ལྟར་འདྲེ་དགུ་རྗེ་འབངས་བཅས། ། ༣ ངན་དགུའི་འདྲེ་བས་འདྲེ། ༤ ལེགས་ན་འདྲེ་གདོན་དགྲ་ལ་གདོན། ཉེས་ན་འདྲེ་བགྲེན་ཟིན་ལ་བགྲེན། ༥ འདྲེ་བོན་གླུད་བོན་གྱེར་མཁས། ༦ ༼འདིར་མཁར་མ་གསལ༽

༼བརྒྱད༽ས་གཡེན་སྲིན།

     ༡ སྲིན་ཡུལ་ནག་པོ་དགུ་སུལ། ༢ ཡབ་སྲིན་རྗེ་དགུ་རྫོགས། ཡུམ་སྲིན་མོ་མ་མ་ཏེ། སྲིན་སྲས་ཕོ་དགུ་མོ་དགུ། རྗེ་བོ་ཟ་བྱེད་སྲིན་རུམ། མ་མ་ཆུ་ཟླ་རླུང་བཀྱོན། དམག་དཔོན་སྲིན་བཙན་དགུ། རུ་དཔོན་གནམ་སྲིན་སྨན་གཏོང་མ། དར་འཛིན་ཀར་མ་ཛ་ལ། སྐོས་མཁན་ཡག་ཤ་ཁོ་རོ། ཕྱག་བརྙན་གཉའ་རིང་འཕྲག་མིག སྐོས་མཁན་ནག་མོ་མིག་དགུ། ཕོ་ཉ་སྲིན་ཕྲུག་ལྔ་བརྒྱ། ཕོ་ཡི་སྟ་ལ་ཟ་བ་བརྒྱ་སོགས། ༣ སྙིང་སྲིན་ཆེ་བས་སྲིན། ༤ ལེགས་ན་སྙིང་སྲིན་དགྲ་ལ་སྟོན། ཉེས་ན་སྲིན་འཇབ་མི་ལ་འཇབ། ༥ སྲིན་བོན་ཡེ་ངལ་གྱིམ་གོང་། ༦ ༼འདིར་མཁར་མ་གསལ༽

༼དགུ༽ས་གཡེན་བྱུར།

     ༡   བྱུར་ཡུལ་མྱ་ངམ་སྣམ་བུ། ༢ སྒྱུ་མ་སྟོང་ཤོང་གུ་གུལ། མ་ངམས་ཟ་མོང་བུ་ཅུང་། རྒྱལ་པོ་བྱུར་སྲི་ཐོ་ལྟོ། རྗེ་བོ་བྱུར་རྒྱལ་ཙཀྲ། ཕྱག་བརྙན་བྱུར་བུ་སྤུན་ལྔ་སྟེ། བྱུར་ཁུ་རུ། བྱུར་ཤ་ཆེངས། བྱུར་འདྲེ་སྟེ་ལན་སོགས། ༣ བྱུར་བློ་འཆང་བས་བྱུར། ༤ ལེགས་ན་བྱུར་ཞུགས་དགྲ་ལ་ཞུགས། ཉེས་ན་བྱུར་ལྡང་རང་གི་གཤེད། ༥ བྱུར་བོན་སྣ་བོན་ལི་བྱིན། ༦ ༼འདིར་མཁར་མ་གསལ༽

༼བཅུ༽ས་གཡེན་གཤིན་རྗེ།

     ༡ གཤིན་ཡུལ་ཨ་ཏི་འབྱམ་སྐྱ། ཨ་ཤི་འདུས་པའི་དེའུ་པོ་ཆེ། ༢ ཡབ་དོད་ཀྱི་ཀར་ཇུ་ལེ། ཡུམ་རྫུ་འཕྲུལ་ཐང་ཐང་མ། རྗེ་བོ་ཁྲ་གོ་རླུང་ཐོད། སྐོས་མཁན་གཤིན་རྗེ་སྨྲིག་པ། ཡ་བླ་བདུད་ཕོ་བཅུ་གསུམ།   ༣ གཤིན་བླ་བདག་པས་གཤིན་རྗེ། ༤ ལེགས་ན་དགེ་སྡིག་བྱ་ར་བྱེད། ཉེས་ན་གཅོད་སྦྱོང་སྣ་ཚོགས་སྟོན། ༥ གཤིན་བོན་གཏོ་བོན་བྱོན་ཁྲི། ༦ ༼འདིར་མཁར་མ་གསལ༽

༼བཅུ་གཅིག༽ས་གཡེན་ཆུད།

     ༡ ཆུད་ཡུལ་ཉེས་ཡུལ་གཏིང་ཁམས། ༢ བདུད་ཀྱི་གཡུ་བྱ་ཕོ་རོག་དང་། ཆུད་ཀྱི་གསེར་བྱ་ཀོ་བོ་ལ། མ་བླ་ཆུད་ཁམས་མང་དུ་བྱུང་། །མ་ཡོགས་ཆུད་ཀྱི་རྒྱལ་མོ་བཙུན། །རྗེ་མོ་མ་བདུད་གཉན་གྱི་གཙོ། །དམག་དཔོན་དམར་འབྱིན་ཆེན་མོ། །རུ་དཔོན་ཁ་ལ་དབང་ཕྱུག །སྐོས་མཁན་མི་བདག་བཙུན་མོ། །ཕྱག་བརྙན་ནག་མོ་རེ་མ་ཏི། །བཞིན་འདེབས་ལྷ་སྲིན་གོང་ཁྲག །སྟོང་ཤོང་བྱོ་རྨང་ལ་སོགས་པ། །མ་བླ་ཆུད་མོ་བཅུ་གཉིས། །ཇོ་མི་རིང་ནམ་ཁྲམ་ལྕམ་མ་སོགས། ༣ ཆུད་ཁའི་འགྲམ་པས་ཆུད། ༤ ལེགས་ན་ཡགས་ཁམས་སོ་ཡང་བརྩིས། ཉེས་ན་མོ་རིགས་ལྦུགས་སྲོག་ལེན། ༥ ཆུད་བོན་ཐར་བོན་གྲུ་སྐྱོལ། ༦ ༼འདིར་མཁར་མ་གསལ༽

གསུམ་པ། དེ་དག་སྤྱི་ཡི་འཕྲོས་དོན།

     ༡ དེ་ལྟར་གྱི་གཡེན་ཁམས་སོ་གསུམ་ལ་སྤྱི་ཡི་ཆ་ནས་ལྷ་འདྲེ་གཉིས་ཀྱི་ཤུགས་རྐྱེན་ཐེབས་པ་གོང་གསལ་ལྟར་ལ། བྱེ་བྲག་གིས་ཕྱེས་ན་རིགས་གསུམ་དུ་གྱེས་པ་དང་དེ་དག་གི་གནས་ཡུལ་དང་བྱེད་ལས་ཇི་ལྟར་ཡིན་པ་སོགས་ནི། «འདུར་རྒྱུད»ལས། “དེ་ལྟར་གཡེན་ཁམས་སུམ་བཅུ༼ཅུ༽གསུམ། །ལྷ་འདྲེ་གཉིས་ཀ་བརྡོད༼ཀས་བརྟོད༽ཙམ་ནས། །ལྷ་དབལ་སྲིད་སྐོས་ཕྱ་དང་ལྔ། །ཡོད་ཁམས་ལྷ་མིའི་སྡོངས་སུ་གྱུར། །འདྲི་སྲིན་བྱུར་སྲི་གཤེན༼གཤིན༽རྗེ་ཆུད། །མེད་ཁམས་ངམས་ཀྱིས༼ཀྱི༽སྣོད་དུ་གྱུར། །ཡོགས་ཁྲིན་གཉིས་དང་གཉེར་ལོ༼འོ༽འཚམས། །བཙན་དལ་རྒྱལ་དང་ཟེར་ལོ་རྫི། །ལྷ་བདུད་གཉིས་ཀྱི་འཚམས༼མཚམས༽སུ་ལུས། །གནམ་གཡེན་དམུ་གཡེན་བདུད་གཡེན་དང་། །ཉི་ཟླ་གཟའ་སྐར་གཞའ་དང་སྤྲིན། །སྨན་གཟེད་ཀླུ་གཉན་ས་བདག་རྣམས། །ལྷ་འདྲེ་གཉིས་ཀའི༼ཀས༽མ་བདག་པས། །དཀར་ནག་འཚམས༼མཚམས༽སུ་རྒོད་ཐོལ་ཐོལ༼རིས་སུ་མ་ཆེར་གཡུང་དུ་མ་ཕེབས༽། །གཡེན་རྒོད་བཅུ་གསུམ་དེ་ལ་ཟེར། །གསོན་གྱི་བདེ་སྡུག་ལ་ཡང་དབང་། །གཤིན་གྱི་བླ་ཡང་དེ་ཡི༼ཡིས༽བདག །དེ་ཕྱིར་གཡེན་ལ་དེ་དབང་ཆེ། །དེ་ལྟར་༼དཔའ་དུ་དེའན་མོ།༽གཡེན་སྲིད་དང་པོ་༼ཅན་དང་༽ནི། །རྐྱང་རྒྱུག་སུམ་བཅུ༼ཡོག་དམན་མི་ཅོན་དང་མ་དཔེ་འགྲེས་སོ། །༽༼ཅུ༽གསུམ་བྱུང་ལ། །ཕྱིས་སུ་རིས་མཐུན་ཀུན་བསྡེབས་ནས། །སོ་སོའི་ཡུལ་སྐོས་འདི་ལྟར་བགོས། །སྔོན་ཡེ་ཕུགས་མུན་པ་སྒོང་ནག་གིས། །སྒོང་ཤུན་སྒོང་ཁོག་ཐམས་ཅད་ལ། །གཡེན་ཡུལ་གཡེན་མཁར་མང་པོ་སྲིད། །སྒོང་འབྲིང་སྒོང་ཆུ་ཐམས་ཅད་ལས། །གཡེན་རི་གཡེན་མཚོ་མང་པོ་འཁྱིལ། །མཐོ་མུན་པ་གཡུང་དྲུང་གླིང་ཆེན་ནས། །དམའ་མུན་བརྒྱད་གླེང༼གླིང༽མཐར་ཐུན་མོའི་བར། །ཡོད་མེད་ཁྱབ་རླུང་གཡོན་ཕྱོགས་ཀུན། །གཡེན་ཁམས་མང་པོའི་གནས་ཀྱི༼ཀྱིས༽གང་། །ལྷ་དང་མིའི༼ཡི༽ཡུལ་ལ་ཡང་། །གཡེན་ཡུལ་འགའ་དང་འགའ་ཙམ་ཡོད། །”ཞེས་གསལ།

     ༢ འདིར་གསལ་བཤད་ཞུ་རྒྱུ་ལ«འདུར་རྒྱུད»དེར་ས་གཡེན་གྱི་ནང་གསེས་དབྱེ་བའི་སྐབས་སུ“ས་བདག”དང“གཏོད”གཉིས་འཁོད་འདུག་རུང་སྤྱིར་ན་ས་གཡེན་བཅུ་གཅིག་ཏུ་གྲགས་པ་ལྟར་བྱས་ཏེ་དེ་གཉིས་སྐོར་བཀོད་མེད། སྤྱིར་ན་ཡིག་ཆ་འདིའི་སྟོད་སྨད་གང་སར་སྡེབ་མ་འགའ་ཆད་འདུག་པ་ལྟར་འདིའི་སྐབས་སུ་ཡང་། ས་གཡེན་བཅུ་གཅིག་གི་ལྔ་པ་གཟེད་བསྟན་པའི་མཇུག་ནས་བདུན་པ་འདྲེ་བསྟན་པའི་འགོ་བར་མ་ཕྱི་ཆད་འདུག་པས་སླད་ཆར་དཔེ་གཞན་རྙེད་ན་བཅུག་དགོས་ཡོད། མ་གཞི་གཡེན་ཁམས་སོ་གསུམ་སྐོར་འཁོད་པའི་ཡིག་ཆ་མང་པོ་ཞིག་ཡོད་སྲིད་ནའང་ངོས་ནས་དེ་སྔོན་མཇལ་བའི་ཡིག་ཆ་ཁག་ལས་ཁ་གསལ་ཤོས«འདུར་རྒྱུད»འདི་ལགས་ཕྱིར་གཞུང་འདིར་གཞིར་བཞག་གིས་བཀོད་པ་སྟེ། གཡེན་ཁམས་ཀྱི་སྐོར་རྣམས«གཡེན་ཁམས་བྱུང་ཚུལ་སྐོས་འདེབས་བསྟན་པའི་ལེའུ»ལྟར་དང་། གཡེན་འདུལ་བོན་པོ་རྣམས«ཧོས་ཀྱི་གཤེན་ཚོགས་གྱེར་གཞུང་གི་ལེའུ»ལྟར་བཀོད་ཡོད། དེ་བཞིན«མཁའ་ཀློང་གསང་མདོས»ཀྱི་གཡེན་ཁམས་བསྟན་ཚུལ་ཡང་འདི་དང་མཚུངས་པ་ཞིག་རེད་འདུག འདིར་གཡེན་ཁམས་སོ་སོའི་མཇུག་ཏུ་བཅོས་ཐབས་ཀྱི་མཐུན་རྫས་སྐོར་འཁོད་འདུག་རུང་ཡིག་ཚོགས་དབང་གིས་བཀོད་མེད་ལ། ཡིག་ཆ་འདི་དཔེ་རྙིང་སོན་སྟབས་བརྡ་དག་སྐོར་ནོར་བའམ་དམིགས་བསལ་བ་འགའ་ཞིག་འདུག་པ་ལས་ནོར་བ་མངོན་གསལ་ཅན་རྣམས་བཅོས་པ་ལས་གཞན་དཔེ་རྙིང་གི་རང་གཤིས་མངོན་ཕྱིར་སོར་བཞག་བྱས་ཡོད། གཡེན་ཁམས་ནང་གསེས་ཀྱི་གོ་རིམ་འགའ་དང་། གཡེན་འདུལ་བོན་པོའི་མཚན་འགའ་ཞིག་ཡིག་ཆ་གཞན་དང་མཐུན་མིན་ཅུང་འདུག་རུང་གཞི་རྩའི་ཐོག་ནས་ཁྱད་ཆེར་མ་མངོན་སྟབས་ད་ལན་དཔྱད་བསྡུར་བྱས་མེད། འདིར་གཡེན་ཁམས་སོ་གསུམ་པོ་ཐོག་མའི་ངོས་འཛིན་སྐོར་ཞིག་ཟུར་དུ་ལྟ་བདེར་དྲངས་པ་ལས་ཞིབ་ཕྲའི་དཔྱད་པ་སོགས་གཞན་ནས་མཁྱེན་པར་འཚལ་ལོ།།   །།

མཆན།

1«སྲིད་པའི་མཛོད་ཕུགས་ཀྱི་གཞུང»ཤོག་ངོས། ༡༦༩ པར་གསལ།

2.3«འདུར་རྒྱུད་ཕྱར་བ་ཐང་ཆེན» ཤོག་ངོས། ༡༢༣ དང་༡༢༤པར་གསལ།

དཔྱད་གཞིའི་ཡིག་ཆ།

1 སྟོན་པ་སངས་རྒྱས། «སྲིད་པའི་མཛོད་ཕུགས་ཀྱི་གཞུང»   གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥

2 «འདུར་རྒྱུད་ཕྱར་བ་ཐང་ཆེན» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་བརྒྱ་དང་ཞེ་བརྒྱད་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥

3 «གླུད་མགྲོན་སྤྱན་འདྲེན་གཡེན་བཅོས» མཁའ་ཀློང་གསང་བའི་མདོས་ཆེན་གྱི་གསུང་པོད། དཔེ་གཟུགས། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས། པོད་ཨང་ཉི་ཤུ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

4 སྟོན་པ་སངས་རྒྱས། «མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ།»   གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠

༢༠༡༦ ་ ༧ ་༨

 

(སྤྱིའི་གཟིགས་གྲངས། 149 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྒྱལ་སྤྱིའ…
error: རྩོམ་འདི་བདག་དབང་ཅན་ཡིན།