ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་མཆོག་གི་མཛད་རྣམ་རགས་བསྡུས།

རྩོམ་པ་པོ། དབྲ་ཁྱུང་ཡེ་ཤེས་རྒྱ་མཚོ།

ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་དབུ་བླ་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་དབང་གི་རྒྱལ་པོ་ཁོང་ནི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ནང་ཚན་སྒོ་སུམ་པ་གླིང་གི་གྱིམ་ཤོད་ཀྱི་དབུས་ཁྱུང་པོ་སྟེང་ཆེན་གྱི་ས་ཁོང་བྱང་ཁྱུང་ཕོགས་རེས་ཅེས་པའི་ས་སྟེ། སྔར་དཀར་རུ་ཚང་གི་ལོ་ཕོག་དང་ཟླ་ཕོག་འཇལ་དགོས་པའི་དུས་ཚང་ཕོགས་རེས་ཚང་དུ། ཡབ་དབལ་འབར་སྟག་སླག་ཅན་གྱི་ཁྱིམ་གཞིས་བདལ་གཤིས་བླ་མ་རྣམ་ཚང་གི་སྲས་ཁྱུང་སེར་གྱི་གདུང་ལས་བྱོན་པའི་བསྟན་འཛིན་གྲགས་པ་དང་། ཡུམ་བྱང་འགྲུ་བླ་མ་གཡུང་གྲགས་རིན་པོ་ཆེའི་སྲས་མོ་མཁའ་འགྲོ་བདེ་ཆེན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕག་ཕོ་འབྲུག་གི་ལོ་སྤྱི་ལོ་༡༩༤༠ལོར་འཁྲུངས་ནས་བཀྲ་ཤིས་པའི་དགེ་མཚན་དུ་མ་བྱུང་སྟེ་ཟླ་སྤྲུལ་གྱི་ཡང་སྲིད་ཕོེགས་རེས་ཚང་ལ་འཁྲུངས་འདུག་ཅེས་ཁ་དམར་གདགས། དགོན་གྱི་ཡང་སྲིད་དྲི་རྩད་སྐབས་ཡང་སྲིད་འཁྲུལ་མེད་ཡིན་པ་ངོས་འཛིན་བྱུང་།རི་ཁྲོད་རྩ་བའི་བླ་མ་དང་། སྨོན་རྒྱལ་ནམ་མཁའ་གྲགས་པ་རྣམ་གཉིས་དབུ་བཞུགས་ཐོག་གེ་ཁོད་གསང་དྲག་གི་ཁྲི་ཚོགས་ཕུལ་བའི་མཇུག་ཏུ་ལྷ་དང་སྲུང་མ་རྣམས་ལ་འཕྲིན་བཅོལ་བཏང་ནས་གསེར་བུམ་དཀྲུགས་པས་ཁོང་གི་མཚན་རྟགས་མཁའ་རུ་འཕགས་ནས་ཀི་བསྭོ་དང་ལྷ་རྒྱལ་གྱིས་ཁེངས།༡༩༤༦ལོར་དགུང་ལོ་བདུན་གྱི་ཐོག་སེར་སྐྱ་མི་མང་ཁྲི་ཕྲག་ལྷག་འཛོམས་ནས་དགོན་པའི་གསེར་ཁྲི་རུ་མངའ་གསོལ།

སྤུལ་སྐུ་རིན་པོ་ཆེའི་འཁྲུང་ཡུལ་བདལ་གཤིས།

སྤུལ་སྐུ་རིན་པོ་ཆེའི་འཁྲུང་ཡུལ་བདལ་གཤིས།

རི་ཁྲོད་རྩ་བའི་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་དབང་གི་རྒྱལ་པོ་ཞེས་མཚན་གསོལ། ཁྱད་པར་ཟླ་བ་གྲགས་པ་ཞེས་པ་ནི་བསྟན་གཉིས་གླིང་པ་དཀར་རུ་ཚང་ལ་བཞུགས་སྐབས་མཁའ་འགྲོའི་བརྡ་ལུང་གནང་བ། དཔའ་བོ་སྟག་གི་ཕྲུ་གུ་དེ། མཚན་ནས་བཟུང་ལ་གཉའ་ལ་བཀོད། ཞེས་པའི་སྐུ་ཐོག་དང་པོ་སྟག་ལའི་ཐུགས་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་རྒྱལ་མཚན་གསེར་ཁྲི་རུ་བཀོད་པ་ནས་བཟུང་། ཕྱི་ཡང་སྲིད་མཐའ་དག་ལ་ཟླ་བ་གྲགས་པ་ཞེས་མཚན་སྲོལ་ཚུལ་ཡོད། སངས་གླིང་གཉིས་པ་དེ་ཉིད་ཀྱིས་བཀའ་སྲུང་སེང་གདོང་ཁྲོས་མ་བསྐོས་ནས་ཐུན་མིན་གྱི་ཅོད་པན་ཞྭ་དམར་ཞིག་གནང་ཡོད།སངས་གླིང་རང་རྣམ་ལས། ཞྭ་དམར་གསེར་གྱི་ཧ་རིས་ཉེར་ལྔ་དེ། །འགྲོ་བའི་དོན་མཛད་སེམས་དཔའ་ཉེར་ལྔ་ཡི། ཞྭ་དམར་འདི་འཆང་འགྲོ་དོན་རྒྱ་ཆེན་འབྱུང་། །ཞེས་འདི་ཡི་ངོས་སུ་གཟབ་གཤར་སེར་པོའི་ཚེམ་གྲུབ་ཅན་ཁོད་ཡོད། ཞྭ་འདི་ད་ལྟ་ཀོ་དགོན་དུ་བཞུགས་ཡོད། དགུང་ལོ་བརྒྱད་ཐོག་ནས།ཡོངས་འཛིན་བསོད་དགའ་ནོར་བུ་དང་། ཁྱུང་པོ་བསོད་ནམས་རིན་ཆེན།འགུ་དྲག་སོགས་ཀྱི་གམ་ནས་ཡི་གེ་འབྲི་ཀློག་སོགས་མཐར་ཕྱིན་པ་བསླབས།དགུང་ལོ་བཅུ་བཞི་ཐོག་རི་ཁྲོད་རྩ་བའི་བླ་མ་ཚུལ་ཁྲིམས་རྒྱལ་མཚན་བསྟེན་ཏེ། སྔོན་འགྲོ་བསགས་སྦྱོང་དང་འཕོ་ཁྲིད་རྩ་རླུང་རིག་འཛིན་གསང་བའི་དབང་སོགས་ཞུས། ག་ཤེལ་ཁྲི་ཆེན་མདུན་ནས་ཁྲོ་བོ་དབང་ཆེན་དང་མགར་ཕུར་སོགས་ཀྱི་དབང་ཁྲིད་སྣ་ཚོགས་ཐོབ། མཛོ་བྱ་བྲལ་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་མདུན་ནས་སྲིད་རྒྱལ་དྲེའུ་དམར་ནག་གི་དབང་ལུང་ཞུས་པ་དང་བཀའ་གཏད་མཛད་ཅིང་གདམ་ངག་ཟབ་མོ་ཐོབ། ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་གསས་མཁར་མཆོག་ལྔའི་དབང་ཐོབ། སྟག་ཞིག་སེང་གེ་ཉི་མའི་མདུན་ནས་བཀའ་བརྒྱད་དབང་ཞུས། སྙན་གཏེར་མངའ་བདག་ཡབ་བསྟན་གྲགས་རིན་པོ་ཆེའི་མདུན་ནས་བདེ་ཆེན་གླིང་པའི་བཀའ་དང་སྨོན་ལམ་རིན་པོ་ཆེའི་བྱང་ཁྲིད་སྟག་སླག་གྱི་བཀའ་གཏེར་དག་གི་ཁྲིད་དང་དབང་སོགས་ཞུས། དགུང་ལོ་བཅོ་བརྒྱད་ཐོག་རྕ་བའི་བླ་མ་ཚུལ་ཁྲིམས་རྒྱལ་མཚན་དང་སྟག་ཞིག་སེང་གེ་ཉི་མ་སྐུ་ཞབས་ཉི་མ་བསྟན་རྒྱལ་རྣམ་གསུམ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བཞེས། གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་ཐུགས་ཁུར་ཆེར་བཞེས་མཛད་དེ་འགྲོ་བའི་དོན་མཛད་བཞིན་པའི་སྐབས། ༡༩༥༩དམངས་གཙོ་བཅོས་བསྒྱུར་ཞེས་པའི་དུས་ཟིང་ཆེན་པོ་དེ་ཚེས་ཏེ། བླ་མ་སྤྲུལ་སྐུ་སྡེ་དཔོན་མི་དྲག་ཐམས་ཅད་དམོད་ཚིག་དང་མཆིལ་ཞགས་འཕེན་སའི་ཡུལ་དུ་གྱུར་ཞིང་། རྩ་ཆེས་ཀྱི་གསུང་རབ་མེ་ལ་བསྲེགས། རིག་དངོས་ཀྱི་རྟེན་གསུམ་རྡོ་བར་བརྡུངས། བྱིན་ཆེན་གྱི་དགོན་སྡེ་རྨིང་ནས་བཤིགས། ནོམ་ཆེན་གྱི་དཔལ་འབྱོར་སྲན་ཕུང་གཏོར་བ་བཞིན་བྱས་པའི་སྐབས། དཀར་རུའི་དམག་སྤྱི་དྲག་དམར་ལྡིང་དཔོན། རི་ཁྲོད་བླ་མ་གཡུང་དྲུང་རྒྱལ་མཚན་སྨོན་རྒྱལ་ནམ་མཁའ་གྲགས་པ་ཀོ་དགོན་བླ་མ་ཟླ་གྲགས་སྤྲུལ་སྐུ་སོགས་མངའ་བདག་ཆེ་གསུམ་གྱི་མི་སྣ་རུ་བརྩིས་ཏེ་ཁོང་ལ་འཐབ་རྩོད་རྡུང་རྡེག་གི་མནར་གཅོད་ཚད་མེད་བཏང་སྟེ་མགོ་བོ་ཡོངས་རྫོགས་ཁྲག་ཟོམ་ནང་ནས་བཏོན་པ་ལྟ་བུ་བཟོས་ཏེ་དྲན་མེད་རྒྱལ་ཚེ་ངོ་ལ་ཆུ་བླུགས་ཏེ་ཡར་སོས་པ་དང་ཡང་སྔར་ལྟར་རྡུང་རྡེག་མནར་གཅོད་བྱས་ཏེ་ཉི་མ་རེ་ལ་དྲན་མེད་ཐེངས་མང་རྒྱལ་དགོས་པ་བཟོས་པ་མ་ཟད་ཧུར་བཙོན་ཅན་གྱི་བུད་མེད་ཁ་གཅིག་གིས་གཉའ་ནས་རྟ་ཞོན་པ་བཞིན་བྱས་ནས་དབུ་ཐོག་ཏུ་གཅིན་པ་བཏང་བ་སོགས་མཐོང་ན་སྙིང་རྩ་འཕར་བ་དང་ཐོས་ན་མིག་ཆུ་འཆོར་དགོས་པའི་དཀའ་ངལ་ཚད་མེད་འཕྲད་། བུ་མེད་ཁ་གཅིག་གིས་ཁོང་སྐྱ་སར་དབབ་པ་ཁས་བླང་སྟེ་ཐབས་ཇུས་དུ་མས་བསླུ་བ་བྱས་ཀྱང་འཆི་བ་སྲོག་ལ་ཐུག་ན་སྡོམ་པ་མི་གཏོང་སྙམ་པའི་དམ་བཅའ་བཟུང་སྟེ་སྡོམ་ཁྲིམས་མ་ཤོར་བ་མཛད་པ་དེ་ནི་ཁོང་གི་ཆེས་འབུར་དུ་ཐོན་པའི་གཟི་བརྗིད་ཞིག་རེད། སྟེང་ཆེན་བརྩོན་ཁང་ནང་དུ་ལོ་གཉིས་ལ་དཀའ་སྡུག་མྱང་སྟེ་དེ་དུས་དྲག་དམར་ལྡིང་དཔོན་ལ་སོགས་མི་མང་པོའི་ཚེ་སྲོག་ཤོར། དེ་ནས་སྤོ་བོ་བཟུང་སྣར་ཁྲིད་དེ་མི་ལོ་བཅོ་བརྒྱད་རིང་ལ་མནར་གཅོད་མྱང་སྟེ་ཤ་མར་ཐུད་གསུམ་གྱི་ཁ་ཟས་ལྟ་ཅི་རྩམ་པ་ཙམ་ཡང་གསོལ་རྒྱུ་མ་རག་ནས་ལྷམ་མཐིལ་གྱི་ཀོ་བ་ཡང་གསོལ་དགོས་བྱུང་སྟེ་མི་ལོ་བཅོ་བརྒྱད་ཙམ་གྱི་རིང་ལ་ལྟོ་འགྲངས་བ་ཉིན་གཅིག་ཡོང་མ་མྱོང་གསུངས། སྐབས་དེ་དུས་ལྐོག་ཏུ་མཁས་དབང་ཁྲོ་རུ་ཚེ་རྣམ་གྱི་མདུན་ནས་སུམ་རྟགས་སྦྱངས་བ་དང་། བོད་པ་ཡིག་བྲིས་དྲུང་ཆེན་བསོད་ནམས་སྟོབས་རྒྱལ་མདུན་ནས་ཡིག་བྲིས་སྣ་ཚོགས་བསླབས་པས་ཕྱིས་ཁྱུང་པོ་ཁོག་ཏུ་བྲིས་སྙན་གྲགས་ཆེ་ཤོས་གྱུར། ༡༩༧༨ལོ་བརྩོན་ནག་ལས་གུ་ཡང་ཐོབ་སྟེ༡༩༧༩ལོ་ལ་གཞིས་བསྐོར་ཕེབས་ནས་སྤུན་ཟླ་རིན་ཆེན་རྣམ་རྒྱལ་ཐུགས་འཕྲད་བྱུང་བ་དང་སྤུན་ཟླ་ཕུན་ཚོགས་རྣམ་རྒྱལ་སྐུ་གཤེགས་པའི་གདུང་མཆོད་ཕུལ། ༡༩༨༢ལོར་བརྩོན་ལས་ཐར་ཏེ་ཟླ་གཤིས་བ་ཚོས་ཕེབས་བསུ་བྱས་ཏེ་རྩེ་དྲུག་ཤེལ་གྲགས་གླིང་དུ་གདན་དྲངས། སྐོར་ལམ་གྱི་ཕྱོགས་བཞི་རུ་འཕར་ཆུང་ལེན་གསུམ་བསྒྲགས་ནས་སངས་རྒྱས་གྱི་བསྟན་པ་དར་བའི་སྨོན་ལམ་བཏབས། ཨ་ཀྱོ་བ་ཚོས་བསྔོ་རྟེན་ཕུལ་བའི་སྒོར་ཉིན་བརྒྱ་བྱུང་བ་དེ་དགོན་པའི་རྟེན་རྩ་བཞག་སྟེ་རྩེ་དྲུག་དགོན་པ་སླར་གསོ་བྱེད་པའི་ལས་དོན་བསྒྲུབས་ཏེ་ཀྲུའུ་རིན་གཞོན་པའི་ཐུགས་འགན་བཞེས། ལྷོ་རོང་རྫོང་དང་ཤིང་རོང་རི་བོ་ཆེ་སོགས་ཤིང་ཆའི་དོན་ལན་མང་བྱོན།

ཀོ་བོ་དགོན་གྱི་གཙུག་ལག་ཁང་ཆེན།

ཀོ་བོ་དགོན་གྱི་གཙུག་ལག་ཁང་ཆེན།

༡༩༨༢ནས༡༩༨༥བར་གཤིན་པོའི་བསྔོ་རྟེན་དང་གསོན་པོའི་ཐུགས་སྨོན་ཆེད་དངོས་རྫས་ཕུལ་རིགས་ཐམས་ཅད་དགོན་གྱི་རྟེན་རྩ་བཞག་ནས་འདུ་ཁང་ཀ་བ་སོ་དྲུག་ཅན་དང་། སྒོམ་གྲྭ་ཀ་བ་བཞི་ཅན་དང་། ཇ་ཁང་དང་གྲྭ་ཤག་སོགས་རྟེན་དང་བརྟེན་པ་མཐའ་དག་བསྐྲུན་པའི་འགན་བཞེས། ༡༩༨༣ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བསྐོས་བཞག་བྱས། ༡༠༨༥ལོར་དཔལ་ལྡན་ཀོ་རྒྱལ་དགོན་བསྐྱར་གསོའི་ཆོག་མཆན་ཐོབ་སྟེ་༡༩༨༤ལོའི་ཟླ་༤པའི་ཚེས༢༦ཉིན་དཔལ་ལྡན་ཀོ་རྒྱལ་དགོན་གྱི་ས་གནས་སུ་ས་སླང་རྟེན་འབྲེལ་བྱས་ཏེ་དཔལ་ལྡན་ཀོ་རྒྱལ་དགོན་སླར་གསོའི་དབུ་བརྩམས། ལོ་དེར་རྒྱལ་བའི་བཀའ་འགྱུར་ཆེན་མོ་གདན་འདྲེན་ཏུ་ཕེབས་ཏེ་ཁྱུང་ཡུལ་དུ་བཀའ་འགྱུར་ཚར་བཞི་བཅུ་ཞེ་བཞི་གདན་དྲངས་པའོ། །ཤིང་རོང་ཁེ་བ་འཆི་མེད་གཙོས་ཤིང་བཟོ་དྲུག་ཅུ་ཙམ་བོས་ནས་བྱང་གཞུང་ལྷ་སྡེ་མི་མང་གི་ཧུར་བརྩོན་སོགས་བརྟེན་ནས་ཕྱི་ནང་གི་བཟོ་བཀོད་ལེགས་པར་གྲུབ། འདུ་ཁང་ནང་གི་ལྷ་རིས་གདོང་ལྡོ་ཚང་གི་ཕྱག་བྲིས་ལས་ཐོན་པ་དང་། ནང་རྟེན་གསེར་གདུང་ཐམས་ཅད་ཁྱུ་ཡུལ་ལྷ་མགར་གྲགས་ཅན་སྡེ་དགེ་ཚང་ཕ་བུ་གཉིས་དང་རྫ་ཆུ་ཁའི་རྐ་མ་ཆུས་ཡར་ལོ་ཚང་བཅས་ཕྱག་བཟོ་ལས་གྲུབ། ༡༩༨༧ལོ་ནས་བཟུང་སྨན་རིའི་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་ཁྱུང་ཡུལ་ཡུལ་དུ་ལན་མང་ཕེབས་པ་རྣམས་མཇལ་ཏེ་ཡེ་ཁྲི་མཐའ་སེལ་ཐེག་འགྲེལ་མེ་ལོང་དགུ་སྐོར་ཞི་གནས་ལག་ལེན་གསང་སྔགས་ལམ་རིམ་སོགས་ཀྱི་ཁྲིད་ལུང་དང་ཚེ་དབང་བོད་ཡུལ་མ་དང་མུན་སེལ་སྒྲོན་མ་དག་གི་དབང་ཐོབ། སྨན་རིའི་ཁྲི་འཛིན་སོ་གསུམ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་མདུན་ནས་བྱམས་མ་དང་གདུགས་དཀར་སོགས་ཀྱི་བཀའ་དབང་ཐོབ། ༡༩༩༡ལོར་ནག་རུ་མཁན་པོ་བསོད་ནམས་སྐལ་བཟང་རང་དགོན་དུ་གདན་འདྲེན་ཞུས་ནས་ཀུན་མཁྱེན་ཤར་རྫ་པའི་བཀའ་འབུམ་ལུང་ཞུས། སྔ་ཕྱི་སྒྲུབ་གྲྭའི་མཁན་པོ་གསུམ་ཙམ་བསྐོས་ནས་ཤར་རྫའི་སྒྲུབ་གྲྭ་བཙུགས། ལོར་དེར་བརྟེན་འགྱུར་གྱི་མ་ཡིག་འཚོལ་བསྡུའི་སྐོར་ལ་བཀའ་དྲིན་ལེགས་པར་བསྐྱངས།༡༩༩༤ལོེར་རྣམ་རྒྱལ་གཙུག་ཕུད་མཚན་ཉིད་སློབ་དཔོན་བསྐོས་བཞག་གནང་ནས་བཤད་གྲྭ་གསར་འཛུག་གནང་། ༡༩༩༧ཁྲོ་ཕུར་སྨན་སྒྲུབ་ཆེན་མོ་བཙུགས། ༢༠༠༧བོན་རྒྱ་རིན་པོ་ཆེའི་མདུན་ནས་དབལ་གསས་གྱི་དབང་དང་ཁྲིད་སོགས་ཞུས། ཁོང་གི་བཀའ་དྲིན་གྱི་འོག་ནས་སྒྲུབ་གྲྭ་རིམ་པ་མང་པོ་མཐར་ཕྱིན་ཅིང་བཤད་གྲྭ་ཡང་དེང་སང་བདུན་ཅུ་བརྒྱད་ཅུ་ཙམ་གྱིས་འཆད་རྩོད་རྩོམ་གསུམ་ལ་འབད་བཞིན་ཡོད་པ་དང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་བཤད་སྒྲུབ་འདུས་སྡེ་ཚད་ལྡན་ཚུལ་མཐུན་ཞིག་ཚུག་ཡོད་པ་ཀུན་གྱིས་མཐོང་གསལ་ལྟར་རེད། ཕྱོགས་གཞན་ནས་ཕེབས་པའི་སློབ་ཉེར་བ་རྣམས་ཀྱི་ཆེད་དུ་གྲྭ་ཤག་གསར་པ་དང་བླ་བྲང་སོགས་མང་པོ་རྒྱབ། ཁོང་གི་ཐུགས་རྗེ་དང་ཀོ་དགོན་ལྷ་སྡེ་མི་མང་གི་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་ལ་བརྟེན་ནས་འཚོགས་ཁང་གསར་པ་ཞིག་བཞེངས་པའི་དབུ་བརྩམས་ཡོད་པ་བཅས་ཀྱིས་མཚོན་བསྟན་འགྲོ་སྤྱི་ལ་ཕན་པའི་རླབས་ཆེན་གྱི་མཛད་ཕྲིན་བསྐྱངས། ཁོང་བླ་བྲང་གསར་པའི་ནང་སྤོས་ཟིན་ཡོད་ཀྱང་ཞིང་ཕེབས་ཁའི་ཉིན་ཤས་སྔོན་ལ་ཁོང་གི་ཞབས་ཕྱི་བ་ཉི་མ་གཙུག་ཕུད་ལ་ང་གཉིས་གཟིམ་ཆུང་རྙིང་པའི་ནང་དུ་འགྲོ་དགོས་གསུངས་ནས་ཕེབས་ཤིང་། ད་ང་འདིར་བསླེབ་ཐོབ་གྱི་མ་རེད་གསུངས་ནས་དཔེ་ཆ་དག་སོ་སོར་ཕྱེས་ནས། རྩ་ཆེས་རིག་དངོས་འདི་དང་འདི་ཡིན་ཞེས་ཞལ་བཀོད་མཛད་།རྟེན་གསུམ་རྣམས་བླ་ཆུང་ཁོ་རང་ལ་བདག་པོ་ཡག་པོ་རྒྱོབས་ཟེར་དགོས་གསུངས་ཏེ་སྒྲུབ་ཁང་ནང་དུ་ཕེབས་ནས་འཕྲིན་བཅོལ་མཛད། ནམ་རྒྱུན་ཁོང་ལ་ཁྲག་གི་ན་ཚ་ཡོད་པ་དེ་ཉིད་༢༠༡༢་༤་༢དང་ཧོར་ཟླ་༢པའི་ཚེས་༡༠ཉིན་སྙུན་གཞི་དེ་བློ་བུར་དུ་ཆེ་རུ་སོང་། དེ་མ་ཐག་སྟེང་ཆེན་གྱི་རྒྱ་བོད་གཉིས་ཀྱི་སྨན་པ་གདན་འདྲེན་ཞུས་ནས་སྨན་བཅོས་ཕུལ་བ་དང་། ༧རྒྱལ་བ་སྨན་རི་བའི་མཁན་སློབ་གཉིས་དང་གཤེན་སྲས་རིན་པོ་ཆེ་གསུམ་ལ་ཕྱག་མོ་ཞུས་ནས་གསུང་རྟགས་གང་བབ་རྣམས་བསྒྲུབས། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་ཐོས་ཕྲལ་གྲྭ་བཙུན་དུ་མས་བྱམས་མ་སྟག་ལ་ཚེ་སྒྲུབ་བདུད་ཟློག་གང་ཟབ་བྱས་ནས་མྱང་ངན་མི་འདའ་བཞུགས་པའི་གསོལ་བ་བཏབས་ཀྱང་གདུལ་བྱའི་བསོད་ནམས་དམན་པའི་རྐྱེན་གྱིས། ཕྱི་ཉིན་བོད་ཚེས༡༡སྔ་དྲོ་པེ་ཅིང་འཁོར་ལོའི་ཆུ་ཚོད༤དང་སྐར་མ༡༥ཐོག་ཞིེང་གཤེགས་འདུག གནས་ཚུལ་དེ་འཕྲིན་ལམ་རྒྱུད་ནས་ཐོས་མ་ཐག༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་ལ་སྨོན་ལམ་གསུང་རྟེན་ཕུལ་ནས་ཁྲི་འཛིན་རིན་པོ་ཆེས་སྨོན་ལམ་གསུངས་སྟེ་ཁོང་གིས་བཀའ་ཕེབས་པ་བཞིན་རྒྱ་གར་སྨན་རིའི་གླིང་ནས་བཤད་སྒྲུབ་གྲྭ་ཚང་གིས་རྣམ་རྒྱལ་ལྷ་ཁང་ནང་རིག་འཛིན་འདུས་པའི་ཚོགས་འཁོར་དང་ཁྲོ་བོའི་ལྷ་ཁང་སྟག་ལའི་ཚོགས་འཁོར་དང་ཞག་གསུམ་ཉིན་མོ་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མཆོད་སྤྲིན་ཟབ་རྒྱས་ཕུལ་གནང་མཛད་འདུག ཁྲི་བརྟན་ནོར་བུ་རྩེ་རུ་ཐོས་ཕྲལ་མར་མེ་རྒྱལ་མཚན་གྱི་མཆོད་སྤྲིན་ཕུལ་བ་དང༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ནས་ཇི་ལྟར་གསུངས་པ་བཞིོན་ཁྲི་བརྟན་ནོར་བུའི་རྩེའི་འཚོགས་ཁང་ནང་དུ་མཆོད་ཁྲི་བཟོས་སྟེ་ཞིང་གཤེགས་དམ་པའི་སྐུ་པར་བཤམས་ནས་མདུན་དུ་མཆོད་པ་རྣམ་ལྔ་བསྒྲིགས་ཏེ༧སྐྱབས་རྗེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་སློབ་དཔོན་ཚངས་པ་བསྟན་འཛིན་རྣམ་གཉིས་ཀྱིས་གཙོས་དགེ་བཤེས་དང་གྲྭ་བཙུན་དུ་མས་རྣམ་དག་འགྱུར་མེད་དང་ཚེ་དབང་སྨོན་ལམ་བཅས་གསུངས་ཏེ་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར། དགུང་ཞག་གསུམ་གྱི་རིང་ལ་ཁྱུང་པོའི་གྲྭ་བཙུན་སྤྱི་སྒེར་དུ་མས་གྲྭ་བཙུན་བདུན་ཅུ་བརྒྱད་ཅུ་ཡན་མས་ཀྱིས་ཉིན་ལྟར་མར་མེ་རྒྱལ་མཚན་དང་ཚེ་དབང་སྨོན་ལམ་གསུངས་ཏེ་མཆོད་སྤྲིན་ཟབ་རྒྱས་ཕུལ། དགུང་ཞག་གསུམ་གྱི་ཉིན་མོ་རྒྱ་གར་སྨན་རི་དགོན་དང་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་བཅས་ལ་འགྱེད་དང་མང་ཇ་ཕུལ། ཞག་གསུམ་གྲོས་བཞི་ལ་གཟིམ་སྒོ་བཅད་བརྒྱ་བྱས། དེ་ནས་གདུང་ཁྲུས་གསོལ་ཏེ་གདུང་འཇལ་ཞུས། འགྲོ་བ་ཐུན་མོང་གི་སྣང་ཡུལ་གྱུར་པའི་རྟགས་ཡ་མཚན་འཇལ་ཚོན་སྣ་ཚོགས་ཤར། ཚེས་བཅུ་གཅིག་ཉིན་གྲྭ་ཚང་ནས་ཞི་ཁྲོའི་ཚོགས་བརྒྱ་ཕུལ། བཅུ་གསུམ་ཉིན་རིག་འཛིན་དུས་པ་ཐབས་ཆེན་མཁའ་རྒྱུད་ཀྱི་ཚོགས་འཁོར་དང་ཚེ་དབང་བྱ་རི་མའི་སྟོང་ཚོགས་ཕུལ། བཅུ་བཞི་ཉིན་སྟེང་དགོན་གྱི་སློབ་དཔོན་རྒྱལ་འཕགས་རྣམ་གཉིས་གཙོས་པའི་མཁན་པོ་དགེ་བཤེས་དུ་མ་ཕེབས་ནས་དྲན་པའི་ཚོགས་འཁོར་དང་གྲྭ་ཚང་ནས་དྲན་པའི་ཁྲི་ཚོིགས་ཕུལ། ཕྱོགས་ཀྱི་བླ་མ་ཆེ་ཁག་གདུང་འདེབས་མཆོད་འབུལ་དུ་དྲོངས་པ་གཡུང་དྲུང་དཔལ་རིའི་བླ་མ་འཆི་མེད་རིག་འཛིན་རིན་པོ་ཆེ། རྩེ་དྲུག་དགོན་གྱི་བླ་མ་བསྟན་འཛིན་འོད་ཟེར་རིན་པོ་ཆེ། སྟེང་ཆེན་དགོན་གྱི་བླ་མ་རྒྱ་མཚོ་རིན་པོ་ཆེ། རི་ཁྲོད་བླ་མ་འཆི་མེད་རྣམ་རྒྱལ་རིན་པོ་ཆེ། སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེ་བཅས་ཕེབས་ནས་མཆོད་འབུལ་དང་ཐུགས་སྨོན་ཟབ་རྒྱས་གནང་། དེ་བཞིན་ངེད་པ་མ་ཁུ་དགོན། སྒང་རུ་དར་རྒྱས་དགོན། བྱ་ཟེ་ཡང་རྫོང་དགོན། ཟམ་ཞིག་རེ་ནེ་དགོན། ག་རེའི་གཡུ་མཚོ་དགོན། སྦྲ་ཆེན་སྤུ་བླ་དགོན་བཅས་ཀྱི་ལས་འཛིན་རྣམས་ཕེབས། རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་རྒྱལ་མཚན་གྱི་དབུ་ཁྲིད་དེ་རྩེ་དྲུག་དགོན་གྱི་གྲྭ་བཙུུཉན་རྒྱ་ལྷག་ཆེད་ཕེབས་མཛད་ནས་མཆོད་འབུལ་དང་ཐུགས་སྨོན་ཟབ་རྒྱས་མཛད། དགོང་ཞག་བླ་གྲྭ་ཉི་ཤུ་བཞུགས་ནས་མདོ་གཡུང་དྲུང་ཀློང་རྒྱས་དང་ཚེ་དབང་བོད་ཡུལ་མ་བཅས་གསུང་གི་ཡོད་པ་མ་ཟད་བདུན་ཕྲག་རེ་རེའི་ནང་གསང་སྔགས་མ་རྒྱུད་དང་ཚེ་དབང་གཞུང་བཞིའི་ཚོགས་འཁོར་འབུལ་བཞིན་ཡོད་འདུག མདོར་ན་ད་ལེན༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་གཙོས་བོད་གཞིས་བྱས་གཉིས་ཀྱི་བླ་སྤུལ་དགེ་བཤེས་གྲྭ་བཙུན་རྣམས་ཀྱིས་བསྟན་པ་གཅིག་གི་ལ་རྒྱ་རུ་དགོངས་ནས་རྒྱབ་སྐྱོལ་དང་ཐུགས་ཁུར་ཆེ་བཞེས་མཛད་པ་འདི་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་བ་བཅས་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་མཆོག་གི་མཛད་རྣམ་རགས་བསྡུས་འདི་དབྲ་ཁྱུང་ཡེ་ཤེས་རྒྱ་མཚོས་བོན་གྱི་གདན་ས་ཆེན་མོ་བལ་ཡུལ་ཁྲི་བརྟན་ནོར་བུའི་རྩེ་ནས་བྲིས།། །།

(སྤྱིའི་གཟིགས་གྲངས། 133 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།