ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཐེངས་བཞི་པ་ལེགས་གྲུབ་བྱུང་བའི་གནས་བསྡུས།

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཐེངས་བཞི་པ་ལེགས་གྲུབ་བྱུང་བའི་གནས་བསྡུས།

P1030265

International Conference on Bon,

Ancient and modern

P1030249  དེ་ཡང་ཐེངས་འདིའི་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཚོགས་ཐེངས་བཞི་པ་ཡིན་པ་དང་། ཐེངས་དང་པོ་ ༡༩༩༩ ལོར་ཉི་ཧོང་གི་རྒྱལ་ས་ཨོ་ཀ་ས་དང་། ཐེངས་གཉིས་པ་ ༢༠༠༨ ལོར་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དང་། ཐེངས་གསུམ་པ་ ༢༠༡༢ ལོར་བལ་ཡུལ་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་འཚོགས་གནང་ཡོད། ད་ལན་ཚོགས་ཐེངས་བཞི་པ་འདི་ཡང་ཧྥ་རན་སི་བོན་གྱི་སྒྲུབ་སྡེ་གཤེན་བསྟན་དར་རྒྱས་གླིང་གི་གོ་སྒྲིག་འོག་འདུ་ཚོགས་གནང་སྟེ། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་བརྒྱད་ཙམ་ནས་ཕེབས་པའི་མཁས་དབང་དང་། ཞིབ་འཇུག་པ་གཙོས་ཚོགས་བཅར་བ་གང་མང་ཕེབས་ཤིང་མཁས་དབང་རྣམས་པས་ཉིན་རིམ་བཞིན་བོན་གྱི་ཆོས་ལུགས་ལོ་རྒྱུས་དང་། རིག་གནས་སོགས་བརྗོད་བྱ་སྣ་ཚོགས་པའི་ཐོག་ནས་བགྲོ་གླེང་ཉིན་གསུམ་རིང་གནང་ཡོད།

  དེ་ཡང་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༠༦ ཚེས་ ༢༩ ཉིན་གྱི་ཞོགས་པ་ཚོགས་འདུ་སྔོན་འགྲོ་དབུ་འཛུགས་ཞུས་ཏེ་བླ་གྲྭ་རྣམས་དང་། མཁས་དབང་ཡོངས་ཀྱིས་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བསྟོད་པ་གསུང་བཞིན་སྒྲོན་མེ་རེ་སྤར། དེ་རྗེས་ཐོག་མར་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་མཆོག་གིས་ཚོགས་འདུའི་ལས་རིམ་ངོ་སྤྲོད་དང་འབྲེལ་ཚོགས་ཐོག་ཏུ་ཕེབས་པའི་མཁས་དབང་ཡོངས་དང་། ཚོགས་ཞུགས་པ་ལྷན་རྒྱས་ལ་བྱོན་པ་ལེགས་གསོལ་དང་སྦྲགས་ཚོགས་འདུའི་དགོས་དམིགས་དང་འབྲེལ་བའི་གསུང་བཤད་གནང་།

  དེ་རྗེས་ཚོགས་སྐོང་འགན་འཛིན་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་དང་། མཁས་དབང་ཆར་ལིས་སི་རམ་བྷོལ་ Charles Ramble ལགས་རྣམ་གཉིས་ནས་རིམ་བཞིན་ཚོགས་འདུའི་རྩ་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་།

ཚོགས་འདུའི་དངོས་གཞི།

བགྲོ་གླེང་།  ཐོག་མར་མཁས་དབང་ཆར་སི་རོམ་བྷོལ་ Charles Ramble ལགས་ཀྱི་ཚོགས་འདུའི་གཙོ་སྐྱོང་ཐོག་རྒྱལ་སྤྱི་བོད་རིག་པའི་ཚོགས་གཙོ་ཟུར་པ་མཁས་དབང་བསམ་གཏན་རྒྱལ་མཚན་ལགས་ཀྱིས་ལྷ་སའི་པོ་ཏའི་ནང་དུ་བཞུགས་པའི་བོན་གྱི་གསེར་བྲིས་ཡི་གེ་དང་། གཞན་པའི་བོན་དཔེ་འགའ་ཞིག་སྐོར་ནས་གསུང་བཤད་གནང་།

  དེ་རྗེས་ཉིན་རྒྱབ་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཤ་བོ་རྟ་འགྲིན་ལགས་ནས་ཕྱྭ་ཡིག་གི་གོ་དོན་སྐོར་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། ཨ་ལེགས་ཧན་ཌོ་ ཆ་ཨོལ་ Alejandro Chaoul ལགས་ཀྱིས་སྒོམ་ཉམས་ལེན་གྱིས་མིའི་སེམས་ཁམས་དང་ཀླད་པར་ཇི་ལྟར་ཕན་ཐོགས་ཡོད་ཚུལ་གྱི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང་། དེ་རྗེས་ཛོལ་ཏན་ ཨིམ་རེ་ Zoltan Imre ལགས་ནས་པ་ནོ་ནི་ཡ་ཡུལ་གཤོང་ཁུལ་དུ་དབུས་ཨེ་ཤ་ཡའི་ཤུགས་རྐྱེན་དང་། མཚོན་རྟགས་འགའ་ཞིག་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། མཁས་དབང་མཱཀ་བདེ་ འཇག་ཌིན་ Marc Des Jardins ལགས་ནས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནང་གི་བོན་བསྟན་སླར་གསོ་མ་བྱུང་སྔོན་དུ་བོད་ཤར་ཕྱོགས་ཀྱི་བོན་གྱི་བླ་མ་འགའ་ཞིག་བསྐོ་བཞག་དང་རྒྱུད་འཛིན་ཇི་ལྟར་གནང་ཚུལ་ཐོག་ནས་གསུང་བཤད་གནང་།

  ཉིན་གཉིས་པའི་སྔ་དྲོ་༧དཔལ་གཤེན་བསྟན་སྨན་རི་གླིང་གི་སློབ་གཉེར་བ་ཁྲི་བདེ་མཆོག་ལགས་ནས་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་མ་དཔེ་ཁག་མི་འདྲ་བ་ལྔ་ལ་དཔྱད་པ་ཞེས་པའི་བརྗོད་གཞི་ཐོག་ནས་གསུང་བཤད་དང་། མཁས་དབང་ཌ་ནཱིལ་ བྷེ་རུན་སི་ཀི Daniel Berounsky ལགས་ཀྱིས་གཉན་བཅོས་ཀྱི་ཆོ་ག་ཝ་བསང་སྐོར་ནས་གསུང་བཤད་གནང་། དེ་རྗེས་མཁས་དབང་ཇཱོན་ བྷེ་ལེ་ཛ་ John V. Bellezza ལགས་ནས་བོད་སྟོད་ཁུལ་གྱི་བྲག་རྐོས་རི་མོའི་ནང་གཡུང་དྲུང་བོན་ཆོས་དང་འབྲེལ་བའི་སྔོན་བྱུང་སྒྱུ་རྩལ་དང་། རིག་གཞུང་ལ་བསྐྱར་ཞིབ་ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང་།

  ཉིན་རྒྱབ་མཁས་དབང་ནི་ཀོ་ལ་ འགི་རི་མོའུ་ Nicole Grimaud ལགས་ཀྱིས་བོན་གྱི་ཕུར་པའི་མཚོན་དོན་དང་། ཁྱད་བོན་འགའ་ཡི་ཐོག་ནས་གསུང་བཤད་དང་། མཁས་དབང་ཀོ་ལིན་ མི་ལར་ཌ་ Colin Millard ལགས་ནས་གློ་ཆུ་མིག་བརྒྱ་རྩའི་གྲོང་མི་རྣམས་ཀྱིས་ལོ་བསྟར་བོན་གྱི་ཀླུ་གཏོར་དང་། ཀླུ་འབུམ་གྱི་ཆོ་ག་གནང་སྟངས་སྐོར་ནས་གསུང་བཤད་གནང་། རྒྱལ་སྤྱི་བོད་རིག་པའི་ཚོགས་གཙོ་ཟུར་པ་མཁས་དབང་ཆར་ལི་སི་ རམ་བྷོལ་ Charles Ramble ལགས་ནས་གཏོར་ནག་མགོ་གསུམ་གྱི་ཆོ་ག་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་།

  དེ་རྗེས་༧དཔལ་གཤེན་བསྟན་སྨན་རི་གླིང་གི་སློབ་གཉེར་བ་མཁས་དབང་ཁྲི་གཡུང་དྲུང་ལགས་ནས་སྙ་ཆེན་ལི་ཤུ་སྟག་རིང་གི་དཔྱད་གླེང་ཞེས་པའི་བརྗོད་གཞི་ཐོག་ནས་གསུང་བཤད་དང་། གནའ་རྫས་ཞིབ་འཇུག་པ་མཁས་དབང་མཱཀ་ ཨལ བདེན་ཌར་ཕར་ Mark Aldenderfer ལགས་ཀྱིས་ཧི་མ་ལ་ཡའི་ནུབ་ཕྱོགས་ནས་རྙེད་པའི་གསེར་འབག་དང་། བོན་གྱི་དུར་འཇུག་ཆོ་གའི་བར་འབྲེལ་བ་ཡོད་མེད་ཀྱི་བརྗོད་གཞིའི་ཐོག་ནས་དཔྱད་གླེང་གནང་།

  ཉིན་གསུམ་པའི་སྔ་དྲོ་༧དཔལ་གཤེན་བསྟན་སྨན་རི་གླིང་གི་སློབ་གཉེར་བ་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་བྱང་སྤྱི་ཕག་ལྷས་ག་རྒྱ་འགྲམ་ནག་ལྐོག་བཀྲོངས་བྱས་པའི་སྐོར་གྱི་གསང་བ་བསྐྱར་ཞིབ་ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་དང་། མཁས་དབང་ཨ་ལིག་ཛན་ཌར་ སི་མི་ཐ་ Alezander Smith ལགས་ནས་བོན་གྱི་མོ་ཡི་ཆོ་གའི་སྐོར་ནས་གསུང་བཤད་གནང་། དེ་རྗེས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་བསམ་གཏན་གཙུག་ཕུད་ལགས་ཀྱིས་རི་མོའི་བྱུང་འཕེལ་ལ་དཔྱད་པའི་གཏམ་ཞེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་གནང་མཚམས་མཁས་དབང་ཆར་ལི་སི་ རམ་བྷོལ་ Charles Ramble ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས་སྐབས་འདིའི་རྒྱལ་སྤྱི་བོན་གྱི་བགྲོ་གླེང་གི་ཚོགས་འདུ་ལེགས་གྲུབ་བྱུང་བའོ།། །།

མེ་ལོང་ཡེ་ཤེས་དྲ་བའི་གསར་འགོད་པས་ཕྱི་ལོ་༢༠༡༦ཟླ་༠༧ཚེས་༠༡ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 115 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

1 Response

  1. tenpadhargye ལགས་ཀྱིས:

    གཤེན་བསྟན་དར་རྒྱས་གླིང་དུ་བོན་བསྟན་ཡར་ངོའི་ཟླ་ལྟར་རྒྱས་ཏེ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་གྲངས་མེད་ཞུ། གུས་པ་དགེ་བཤེས་བསྟན་པ་དར་རྒྱས་ཀྱིས་༧དཔལ་ལྡན་་ཁྲི་བརྟན་ནོར་རྩེ་ནས་ཕུལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་བྲིས་…
error: རྩོམ་འདི་བདག་དབང་ཅན་ཡིན།