ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་སྐབས་དགུ་པའི་བཀའ་བཅུ་པ་དང་སྨན་རམས་པའི་སློབ་ཐོན་མཛད་སྒོ་སྤེལ་བ།

 

 

 

 

ཕྱི་ལོ་ ༢༠༢༡ ༣ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩ པའི་ཐོག་གདན་ས་ཁྲི་བརྟན་ནོར་བུའི་རྩེར། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སྐབས་དགུ་པའི་སྨན་གྱི་སློབ་ཐོན་གྱི་མཛད་སྒོ་དབུ་ཚུགས་ཏེ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དབུས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་དང་། སྐུ་མགྲོན་གཙོ་བོ་དོན་གཅོད་སྐུ་ངོ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གཙོས་པའི་གནད་ཡོད་སྐུ་མགྲོན་རྣམ་པ་དང་། ས་གནས་ཀྱི་མང་ཚོགས་བཅས་འཛོམས་སྐབས་དང་བསྟུན། གསོ་རིག་འབུམ་བཞིའི་སློབ་གྲྭའི་དྲུང་ཡིག་ལགས་ནས་འཚམས་འདྲི་དང་འབྲེལ་མཛད་རིམ་སྙན་སྒྲོན་ཞུས། ཚོགས་ཆེན་དབུ་མཛད་ལགས་ཀྱིས་དབུ་བཙུགས་ནས་མཛད་བཅུ་དང་སྨན་ལྷའི་མཆོད་བསྟོད་གསུངས་ནས་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། གསོ་རིག་འབུམ་བཞིའི་དབུ་འཛིན་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་སྨན་སློབ་རྣམས་ཀྱི་སྦྱོང་ཚན་དང་འབྲེལ་བའི་མཛད་སྒོའི་ངོ་སྤྲོད་གསུང་བཤད་གནང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་གསོ་རིག་འབུམ་བཞིའི་སློབ་གྲྭའི་རྩོམ་དེབ་ <<དཔྱད་བུ་ཁྲི་ཤེས་>> དེབ་ཕྲེང་གསུམ་པ་སྒོ་འབྱེད་གནང་། དེ་ནས་མཁན་རིན་པོ་ཆེ་མཆོག་ནས་སྨན་རམས་པ་གཡུང་དྲུང་ཚེ་དབང་ལགས་དང་། དཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་ལགས་དང་། བྱམས་མ་ལྷ་མོ། དཔལ་འབྱོར་ཚེ་རིང་བཅས་ལ་སློབ་ཐོན་ཕྱག་འཁྱེར་བསྩལ་གནང་མཛད། དོན་གཅོད་སྐུ་ངོ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་། བལ་ཡུལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱལ་སྤྱི་གསོ་བ་རིག་པའི་མཐོ་སློབ་ཀྱི་དབུ་འཛིན་སྨན་པ་བསྟན་འཛིན་དར་རྒྱས་མཆོག ཧི་མཱ་ལའི་ཨམ་རྗེ་ཚོགས་པའི་ཚོགས་གཙོ་དང་གློ་ཀུན་ཕན་སྨན་རྩིས་ཁང་གི་དབུས་འཛིན་སྨན་པ་རྒྱ་མཚོ་ལགས་ཀྱི་སྐུ་ཚབ་ཨོ་རྒྱན་བུ་ཁྲིད་ལགས། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་བཅས་ནས་བཀའ་སློབ་རིམ་པས་གནང་གྲུབ་པ་དང་། གསོ་རིག་འབུམ་བཞིའི་སྨན་གྱི་ལོ་རྒྱུས་དགེ་རྒན་ཚུལ་ཁྲིམས་རབ་བརྟན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཀྱིས་མཛད་སྒོ་མཇུག་བསྡོམས་གནང་། སྐུ་མགྲོན་རྣམ་པ་དང་མཉམ་བཞུགས་ཐོག་སྐུ་དཔར་བསྒྲོན་ནས་མཛད་སྒོ་མཉམ་ཞུགས་པ་ཀུན་གྱིས་སྨན་པ་སློབ་ཐོན་པ་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་ལེགས་གསོལ་གྱི་མགུལ་དར་བསྒྲོན་ནས་མཛད་སྒོ་མཇུག་གྲུབ་པ་བཅས། 

མེ་ལོ་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ཉིན་སྤེལ།། །།

པར་པ་ཏི་སེའི་བུ།

སྨན་རམས་པ་གཡུང་དྲུང་ཚེ་དབང་ལགས་ནི། ཕྱི་ལོ་༡༩༩༢ལོར་བལ་ཡུལ་མངའ་ཁོངས་ཌོལ་པ་རྫོང་ས་གནས་དོལ་པོ་བྱི་གཅེར་དུ་སྐྱེས། ཆུང་དུས་སུ་རང་དགོན་བསམ་གླིང་དགོན་དུ་བླ་མ་ཚུལ་ཁྲིམས་ཡེ་ཤེས་དང་ཕ་ཚེ་དབང་བཀྲ་ཤིས་དྲུང་ནས་བོད་ཡིག་འབྲི་ཀློག་སྦྱངས་པ་མ་ཟད་ཕ་ཡི་མདུན་ནས་གསོ་རིག་རྨང་གཞིའི་ཤེས་ཡོན་རག དེ་ནས་རྒྱ་གར་ཧི་མ་ཅལ་བོན་གཞིས་ཌོ་ལན་ཇིའི་བོན་ཕྲུག་བདེན་དོན་ཉིན་སློབ་འཛིན་རིམ་བཅུ་པའི་བར་སློབ་སྦྱོང་བྱས། ཕྱི་ལོ་༢༠༠༧ལོར་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭར་ཞུགས་ཏེ་གཙོ་བོར་གསོ་རིག་འབུམ་བཞིར་སློབ་གཉེར་དང་ཟུར་དུ་བརྡ་དག་སྙན་གསུམ་དང་། རྒྱུན་ཤེས་དང་སྨན་གྱི་ལོ་རྒྱུས། དེ་བཞིན་བལ་སྐད་བཅས་ཀྱི་སློབ་སྦྱོང་རག་པའི་ཁར། དབྱིན་སྐད་ཀྱི་ཤེས་ཡོན་གོང་མཐོར་གཏོང་བའི་སློབ་སྦྱོང་གི་གོ་སྐབས་ཐོབ། ཕྱི་ལོ་༢༠༡༡ཟླ་༡༢ཚེས་༥་ནས་༡༢བར་བལ་ཡུལ་དུ་ཧི་མཱ་ལ་ཡའི་ཨེམ་འཆི་ཚོགས་པའི་གོ་སྒྲིག་འོག (Producing Efficacious Medicine) ཚོགས་ཆེན་ནང་དུ་མཉམ་ཞུགས་གནང་། ཕྱི་ལོ་༢༠༡༣ལོར་སྨན་པ་བཀའ་བཅུ་པའི་རྒྱུགས་སྤྲོད་ཚུལ་བཞིན་བྱས་ཏེ་སྨན་པ་བཀའ་བཅུ་པའི་སློབ་སྦྱོང་མཐར་ཕྱིན། ཞོར་དུ་སྨན་སློབ་གཞོན་པ་ཁག་གཅིག་ལ་སྨན་གྱི་སློབ་ཁྲིད་དང་བལ་ཡུལ་ཧི་མ་ལ་ཡའི་ཨེམ་འཆི་ཚོགས་པའི་ཚོགས་མི་བྱས། ཕྱི་ལོ་ ༢༠༡༠ལོ་༡༢པའི་ཚེས་༢༨ཉིན། བལ་ཡུལ་དུ་རྒྱལ་སྤྱིའི་གསོ་བ་རིག་པའི་ཚོགས་ཆེན་༣་པ་ལ་མཉམ་ཞུགས་བྱས། ཕྱི་ལོ༢༠༠༤ལོར་བལ་ཡུལ་དུ་ཧི་མ་ལ་ཡའི་མེམ་འཆི་ཚོགས་པའི་གོ་སྒྲིགས་འོག་སྔོ་སྨན་སྐོར་ཟབ་སྦྱོང་དང་། ཕྱི་ལོ་༢༠༡༧ལོར། ཝཱ་ན་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ། བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་ཆེན་ལ་མཉམ་ཞུགས་གནང་བ་དང་ད་ལྟའི་ཆར་ལོ་རིམ་དགུ་པ་སྨན་རམས་པའི་སློབ་སྦྱོང་འབུམ་རྒྱུད་ཟུར་རྒྱན་སྨན་སྦྱོར་སྟོང་རྩ་སོགས་ལ་འབད་བརྩོན་གནང་། ༢༠༢༠ ལོོར་ཏོག་དབྱིབས་ནད་ཡམས་བཅོས་འགོག་གི་གསོ་རིག་སྨན་དོན་མི་སྣ་ཁག་དང་མཉམ་ལས་ཞབས་ཞུ་ཇི་དགེར་བསྒྲུབས།  དེ་རིང་སྟེ་ཕྱི་ལོ་༢༠༢༡ལོ་ཟླ་༤་ཚེས་༣ཉིན་སྐྱབས་རྗེ་༸མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུས་པའི་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག འབྲེལ་ཡོད་ཀྱི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཡོངས་ཀྱི་སྐུ་དྲུང་དེར། གུས་ཉིད་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་༼སྨན་རམས་པའི༽སློབ་མཐར་ཕྱིན་པའི་ཕྱག་འཁྱེར་དངོས་སུ་ལེན་རྒྱུའི་སྐལ་བཟང་གི་དུས་སྟོན་ཤར་བ་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་སོ། །

སྨན་པ་དཀའ་བཅུ་པ་དགེ་བཤེས་ཁྲི་གཙུག་ཡོན་ཏན་ལགས་ནི། ཕྱི་ལོ་ ༡༩༨༣ ལོར་བོད་མདོ་ཁམས་ནག་ཆུ་སྦྲ་ཆེན་ཡུལ་དུ་སྐྱེས་ཤིང་ཚར་ལོང་བྱུང་།  ཆུང་དུས་ཐོག་མར་རྒན་གཡུང་དྲུང་རིན་ཆེན་དྲུང་ནས་ཡི་གེ་སྦྱོར་ཀློག་བྱས་རྗེས་གཞུང་གི་སློབ་གྲྭར་འགྲིམས་ཤིང་ཡི་གེ་འབྲི་ཀློག་དང་ཨང་རྩིས་རིག་པ་བཅས་ལ་སྦྱོང་བརྩོན་བྱས།  སྤྱི་ལོ་ ༡༩༩༨ ལོར་ཞང་ཞུང་སྒོ་པའི་ཡུལ་ཁྱུང་པོ་རི་བོ་རྩེ་དྲུག་ལ་ཕྱིན་ཅིང་རྣལ་འབྱོར་ནམ་མཁའ་རྒྱལ་མཚན་མདུན་ནས་སྔོན་འགྲོ་དངོས་གཞི་དང་རྩ་རླུང་མུན་མཚམས་བཅས་ལ་ཉམས་ལ྄ེན་དང་། སྔགས་རྫོགས་གཞུང་ཆེན་ཁག་ལ་ཁྲིད་ལུང་གང་མང་ཞུ་རྒྱུའི་སྐལ་བཟང་ཐོབ།  ཕྱི་ལོ་ ༡༩༩༩ ལོར་བལ་ཡུལ་བོན་གྱི་གདན་ས་ཆེན་པོ་དཔལ་ལྡན་༧ཁྲི་བརྟན་ནོར་བུ་རྩེར་འབྱོར་ཞིང་༧གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསེར་ཞལ་དངོས་སུ་མཇལ་ནས་རྗེ་བླ་མའི་བཀའ་སློབ་ལམ་སྟོན་ཐུགས་རྗེས་གཟིགས་སྐྱོང་བླ་མེད་འོག  དཔལ་ལྡན་ཁྲི་བརྟན་ནོར་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་བགྲང་བྱ་ཧྲིལ་པོ་ ༡༦ བཅུ་དྲུག་གི་རིང་ཐུན་མིན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་ནང་དོན་རིག་པའི་གཞུང་ལུགས་ཁག་དང་། ཐུན་མོང་རིག་པའི་གནས་དང་བཅས་པར་སྦྱང་བརྩོན་ཚུལ་མཐུན་བྱས་ཏེ། ཕྱི་ལོ་ ༢༠༡༥ ལོར་བཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་ཀྱི་ཕྱག་ཁྱེར་དངོས་སུ་ཐོབ་པའི་སྐལ་བཟང་གི་མཛད་སྒོ་ལེགས་པར་གྲུབ་རྗེས། སྤྱི་ལོ་ ༢༠༡༥ ལོའི་ཟླ་༣ཚེས་༣ཉིན་དགོན་པའི་མངའ་ཁོངས་གསོ་བ་རིག་པའི་སློབ་གཉེར་གྱི་སྡེ་ཚན་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས།  བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་གཞུང་ལ་ཆེད་སྦྱོང་བྱས་ནས་ད་བར་གསོ་རིག་གཞུང་དང་ལག་ལེན་སྨན་རྩ་ངོས་འཛིན་བཅས་ལ་བགྲང་བྱ་ཧྲིལ་པོ་དྲུག་གི་རིང་ལ་སྦྱོང་བརྩོན་བྱས་པ་དང་།  ཞོར་དུ་དགོན་པའི་བཤད་གྲྭ་བ་དང་སྨན་གྱི་སློབ་ཕྲུག་རྣམས་ལ་གཞུང་ལུགས་དང་རིག་གནས་བཅས་ལ་སློབ་ཁྲིད་ཀྱང་མི་ཉུང་བ་ཞིག་བྱས་ཡོད་ལ།  དེ་རིང་སྟེ་ཕྱི་ལོ་༢༠༢༡ལོ་ཟླ་༤་ཚེས་༣ཉིན་སྐྱབས་རྗེ་༸མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུས་པའི་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག འབྲེལ་ཡོད་ཀྱི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཡོངས་ཀྱི་སྐུ་དྲུང་དེར། གུས་ཉིད་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་༼སྨན་པ་བཀའ་བཅུ་པའི༽སློབ་མཐར་ཕྱིན་པའི་ཕྱག་འཁྱེར་དངོས་སུ་ལེན་རྒྱུའི་སྐལ་བཟང་གི་དུས་སྟོན་ཤར་བ་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་སོ། །

སྨན་པ་དཀའ་བཅུ་པ་བྱམས་མ་ལྷ་མོ་ལགས་ནི། ཕྱི་ལོ་༢༠༠༡ ཟླ་བ་༩ ཚེས་༥ ཉིན། ཧི་མ་ལའི་རི་རྒྱུད་བལ་པོའི་མངའ་ཁོངས་དོལ་པོ་(Dolpa)མངའ་སྡེའི་ཁུངས་གཏོགས་ཡུལ་རིས་སྐོར་པ་ཞེས་པའི་ས་གནས་སུ་སྐྱེས། ཕྱི་ལོ་༢༠༠༥བར་དུ་ཕ་མའི་མཉམ་དུ་འཚར་ལོངས་བྱུང་། ཕྱི་ལོ་༢༠༠༩ལོའི་བར་དུ་གྲོང་གསེབ་ཀྱི་སློབ་གྲ་འཛིན་རིམ་གསུམ་པའི་བར་ཕྱིན། ཕྱི་ལོ་༢༠༠༩ལོར་དགེ་བཤེས་ཉི་མ་འོད་ཟེར་རིན་པོ་ཆེ་ལགས་ཀྱིས་བལ་ཡུལ་དུ་ཁྲིད། དེ་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་རྨང་གཞིའི་སྔོན་འགྲོའི་ཤེས་ཡོན་བལ་བོད་དབྱིན་གསུམ་གྱི་ཡི་གེ་འབྲི་ཀློག་དང་བརྡ་དག་སྙན་གསུམ་བཅས་ལ་སྦྱངས།ཞོར་དུ་(biology)གཞོག་འདེགས་ཚན་རིག་སློབ་སྦྱོང་དང་ནག་རྩིས་ཀྱི་རིག་གནས་བཅས་སྦྱངས། ཕྱི་ལོ་༢༠༡༧ལོར་གསོ་རིག་ངག་རྒྱུགས་ཨང་དང་པོའི་གཟེངས་བསྟོད་ཐོབ་མྱོང་། སྨན་གྱི་སློབ་སྦྱོང་ཞིབ་ཕྲ་ཇི་ལྟར་སྦྱངས་ཡོད་མེད་གསོ་རིག་འབུམ་བཞི་སློབ་གྲྭའི་དུས་དེབ་དཔྱད་བུ་ཁྲི་ཤེས་འཐོན་ཐེངས་གསུམ་པའི་ནང་དུ་གཟིགས་ན་སློབ་གྲྭའི་ངོ་སྤྲོད་སྐོར་ནས་ཤེས་ངེས་ལགས་ན་འདིར་མ་བྲིས། ཕྱི་ལོ་༢༠༢༡ལོ་ཟླ་༤་ཚེས་༣ཉིན་སྐྱབས་རྗེ་༸མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུས་པའི་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག འབྲེལ་ཡོད་ཀྱི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཡོངས་ཀྱི་སྐུ་དྲུང་དེར། གུས་ཉིད་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་༼སྨན་པ་བཀའ་བཅུ་པའི༽སློབ་མཐར་ཕྱིན་པའི་ཕྱག་འཁྱེར་དངོས་སུ་ལེན་རྒྱུའི་སྐལ་བཟང་གི་དུས་སྟོན་ཤར་བ་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་སོ། །

སྨན་པ་བཀའ་བཅུ་པ་དཔལ་འབྱོར་ཚེ་རིང་ལགས་ནི། ནང་ཆེན་རྫོང་ཤོར་མདའ་ཤང་ཁང་དུ་སྐྱེས། ཕྱི་ལོ་༢༠༠༠ལོར་རྒྱ་གར་དུ་འབྱོར་ནས། མ་སུ་རིའི་བོད་ཁྱིམ་སློབ་གྲར་འཛིན་གྲྭ་བཅུ་པའི་སློབ་གཉེར་བྱས་པ་དང་། དེ་རྗེས་༢༠༡༣ལོར་བལ་ཡུལ་དུ་འབྱོར་ནས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭར་ཞུགས་ཏེ། སྨན་དགེ་གནམ་གསས་གྲགས་པའི་དྲུང་དུ་མུ་མཐུད་བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་འབུམ་རྒྱུད་གཉིས་དང་དེའི་ཆ་ལག་དང་བཅས་པར་སློབ་གཉེར་ཧུར་བརྩོན་གནང་། ཕྱི་ལོ་༢༠༡༦ལོར་གསོ་རིག་བྲིས་རྒྱུགས་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། ༢༠༡༧གསོ་རིག་ངག་རྒྱུགས་ཨང་གཉིས་པའི་བྱ་དགའ་ཐོབ། སློབ་གྲར་སྡོད་རིང་སློབ་གྲྭའི་འགན་བདག་དང་། གཉེར་པ་བཅས་ཀྱི་ཕྱག་ལས་བསྐྱོན་མྱོང་ཡོད་པ་དང་། ཕྱི་ལོ་༢༠༢༡ལོ་ཟླ་༤་ཚེས་༣ཉིན་སྐྱབས་རྗེ་༸མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུས་པའི་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག འབྲེལ་ཡོད་ཀྱི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཡོངས་ཀྱི་སྐུ་དྲུང་དེར། གུས་ཉིད་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་༼སྨན་པ་བཀའ་བཅུ་པའི༽སློབ་མཐར་ཕྱིན་པའི་ཕྱག་འཁྱེར་དངོས་སུ་ལེན་རྒྱུའི་སྐལ་བཟང་གི་དུས་སྟོན་ཤར་བ་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་སོ། །

(སྤྱིའི་གཟིགས་གྲངས། 2,282 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།