གདན་ས་ཁྲི་བརྟན་ནོར་བུ་རྩེའི་བོད་ལྕགས་གླང་ལོའི་གཤེན་གྱི་གར་འཆམ་ཆེན་མོ།
ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་འཆམ་པོ་བ་སྒྲུབ་གཤེན་རྣམས་ཀྱིས་ལྷ་སྲུང་གི་ཕྱག་མཚན་བསྣམས། འཆམ་ཆས་དང་ཞལ་འབག་གསོལ་ནས། ཕྱག་གི་གར་སྟབས་དང་། ཞབས་ཀྱི་འཆམ་འགྲོས་མཛད་སྐབས་ལྷ་ཞལ་དངོས་སུ་མཐོང་བའི་དགའ་ཚོར་དང་དག་སྣང་གི་སྒོ་ནས་མཇལ་ཏེ་གསོལ་བ་བཏབ་པས་བར་ཆད་རྐྱེན་བཟློག་སྒྲིབ་སེལ་གྱི་ནུས་པ་འབྱུང་བའི་ཡིད་ཆེས་བྱེད་དེ། སྔར་སྲོལ་ལྟར་གདན་ས་ཁྲི་བརྟན་ནོར་བུ་རྩེའི་ལོ་རེའི་མཛད་སྒོ་གལ་ཆེན་དུ་བརྩིས་ནས་ཟླ་བ་གཅིག་གི་རིང་ལ་འཆམ་ཡིག་ནན་གཟིགས་ཀྱིས་སྦྱོང་བརྡར་བྱེད་དེ་དུས་ངེས་ཅན་ལ་འཆམ་རྒྱུགས་འབུལ་ནས་ཧོར་ཟླ་ ༡ པོའི་ཚེས་༨ ཉིན་ལོ་ལྟར་གར་འཆམ་ཆེན་མོ་གཟིགས་འབུལ་ཞུ་ཡི་ཡོད། འདི་ལོ་ཡང་ཕྱི་ལོ་ ༢༠༢༡ ༢ ༡༩ཉིན།བོད་ལྕགས་གླང་ལོའི་ཟླ་ ༡ པོའི་ཚེས་ ༨ ཉིན་སྔར་སྲོལ་ལྟར་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་དང་འབྲེལ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང༌། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་དབུ་བཞུགས་ཐོག་བླ་མ་དགེ་བའི་བཤེས་གཉེན་གཙོས་པའི་གྲྭ་ཚང་འདུས་པ་རྒྱ་མཚོ་འཛོམས་སར་འཆམ་འགོ་བཙུགས་ཏེ། རྔ་གཤང་དུང་གླིང་གི་སྒྲ་དབྱངས་སྒྲོགས་བཞིན་དྲི་ཞིམ་སྤོས་བསང་དང་བཅས། ཚོགས་ཆེན་དགེ་སྐོས་ལགས་ཀྱིས་འཆམ་སྣ་བསུས་ཏེ་བོན་སྐྱོང་བསྟན་སྲུང་ཡོངས་ཀྱི་གཙོ་མོ་སྲིད་རྒྱལ་ཡེ་ཤེས་དབལ་མོའི་གར་འཆམ་དང་། སྲིད་རྒྱལ་དུས་དྲུག་འཆམ་བཞིན་སྒྲུབ་ཁང་ལྷ་མཆོད་ལགས་ནས་ཐུགས་བསྐྱེད་སྨོན་ལམ་མངའ་གསོལ་གྱི་ཕྱག་འབྲུ་དང་།སྙན་དར་ཁ་བཏགས་བཅས་ཕུལ། དེ་ནས་རྣམ་བརྒྱད་དང༌། གཤེན་རབ་དགུ་འཆམ། མ་རྒྱུད་ཚོགས་འཆམ། གཟེ་མ་དགུ་འཆམ་བཅས་འཆམ་ཆེན་དང་། སེང་འཆམ། ཤྭ་འཆམ། གཡག་འཆམ་བཅས་རྩེད་འཆམ་རིགས་རྣམས་གཟིགས་འབུལ་ཞུས་ཏེ་འདི་ལོའི་གར་འཆམ་གྱི་མཆོད་སྤྲིན་མཇུག་གྲུབ་པའི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༢ ༡༩ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།