ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྔོན་གླེང་སྲིད་པའི་འབེལ་གཏམ།

གཟི་བརྗིད་དང་སྤོབས་པས་འགྲེང་བའི་གངས་རྒྱལ་ཏི་སེའི་དམུ་རྨོག་ནི་ལྷུན་པོ་སྟོང་གི་དབུས་ནས་མཁའ་དབྱིངས་སུ་ལྡིང་ལ། སྤྲིན་པའི་འདབ་རིས་གདན་དུ་བཏིང་ཞིང་ཉི་ཟླའི་རྣ་ཆ་འདོགས་པའི་ཞང་བོད་སྲིད་པའི་གྲོང་ཁྱེར་ནི། འཛམ་གླིང་གི་དབུ་རྩེ་ནས་གདུགས་ལྟར་བརྗིད་པས་སྒང་པ་བོད་ཅེས་པའི་མཚན་གྱི་བ་དན་བསྒྲེངས། ཁ་འབབ་ཀྱི་ཆུ་བོ་རྣམ་བཞིས་མུ་ཏིག་གི་རྦ་རླབས་འཐོར་བཞིན་ས་སྒང་གི་སྒལ་ཚིགས་གཤག་པས་ཆུ་མོ་ཀུན་གྱི་འབྱུང་གནས་ཞེས་པའི་གཏན་ཚིགས་ཀྱི་ལྕགས་རི་བསྐྲུན། གཤེན་རབ་མི་བོའི་ལྗགས་རླབས་ལས་འཁྲུངས་པའི་སྒོ་མཛོད་ཀྱི་བེའུ་བུམ་སྨུག་པོ་དང་། བྱམས་བརྩེའི་གཞན་ཕན་གྱི་གཤེན་དབྱངས་རིང་མོས་ཆོས་ལྡན་བོད་ཅེས་པའི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས། འཚོ་བ་ལྷ་ཡིས་འདྲེན་ཞིང་བྲག་སྐྱིབས་གཞིས་སུ་བཟུང་བའི་གངས་ཁྲོད་དང་མཚོ་དོར་བཞུགས་པའི་རྣལ་འབྱོར་ཕོ་མོས་མི་རིགས་ལ་ཞི་བདེའི་ཁྲག་རྩ་སྦྱིན། དཔའ་སྙིང་སྟོབས་དང་མཛངས་ཡ་རབས་ཀྱིས་ས་ཆེན་བསྐྱངས་པའི་གནམ་སྐོས་མི་རྗེ་གཉའ་ཁྲི་བཙན་པོའི་ལུགས་གཉིས་ཀྱིས་མཐོ་སྒང་བཙན་པོའི་རྒྱལ་རབས་ཀྱི་དབུ་འཁྱུད་བཞེངས། ཡར་ཀླུངས་སོ་ཁ་ནས་རྒྱུ་བའི་བཙན་པོའི་རྟ་དམག་དང་རྐང་དམག་གིས་ཤར་མཐའི་ས་ཆེན་བསྒུལ་ལ། བོད་ཆེན་པོའི་སྙན་གྲགས་ཡ་གླིང་གི་དབུ་མར་འབྲུག་སྐད་ལྟར་ལྡིར།

སྟོད་མ་པང་གཡུ་མཚོའི་རྦ་རླབས་ཀྱི་ཁུག་པ་རེ་རེར་ལྷ་མོ་དང་ཀླུ་མོས་ཁྲུས་ལ་རོལ། བར་ཡར་འབྲོག་གཡུ་མཚོའི་གཏིང་མཐའ་ཀླུ་ལ་ཟུག་ཅིང་ལྗང་མདོག་སྤྲིན་ལ་འཁྱུད། སྨད་ཁྲི་ཤོར་རྒྱལ་མོའི་ཁ་ཞེང་གངས་ལ་ཐུག་ཅིང་ཞི་བདེའི་རླབས་ཕྲེང་བསྲིང་། ཡར་ལྷ་ཤམ་པོའི་རྨོག་དཀར་སྤྲིན་གསེབ་ཏུ་ལྡིང་ཞིང་ཡར་ཆབ་གཙང་པོའི་རྦ་རླབས་གནམ་དུ་འཕྱོ། ཁ་བ་ཅན་གྱི་མཚན་སྙན་ཅོད་པན་གོ་ལའི་དབུ་རྩེར་ལྡིང་བའི་བསྐལ་པ་ཡར་དར་གྱི་དུས་དེར། རྔ་གཤང་དང་བསྭོ་སྒྲའི་ང་རོས་གངས་ཁྲོད་འུར་གྱིས་འགེངས་ཤིང་། སྨར་ཆེན་སྨར་ཆུང་གི་དབྱངས་གསལ་སྦྱོར་བས་མི་རིགས་ཀྱི་ལོ་རྒྱུས་བཞེངས། བྱ་རུ་ཁྱུང་རུའི་དབུ་ཞྭ་དགུང་ལ་བསྙེགས་པའི་སྟོད་ཞང་ཞུང་རྗེ་བློན་སྐྱིད་ལ་རོལ། རིམ་དགུ་ཐེག་པའི་གཤེན་དབྱངས་ཀྱིས་ས་ཆེན་བདེ་ལ་བཀོད་ཅིང་འགྲོ་དྲུག་གནས་ནས་འདྲེན། མདོ་འབུམ་རྒྱུད་མཛོད་ཀྱི་གླེགས་བམ་སྒམ་པོས་མི་རིགས་ཀྱི་གཟི་བརྗིད་ངོམ། ཡ་ཐོག་རྫོགས་ལྡན་གྱི་སྲིད་པའི་ཞང་ཞུང་ནི་ལྷ་ཡུལ་ཡིན་ཞིང་། མི་རྣམས་ཀྱིས་ང་ཚོར་ལྷ་ཡུལ་དུ་འབོད། དེ་ནི་བསྐལ་པ་ཡར་དར་གྱི་དུས་དེ་ཡིན།

བོན་གཤེན་གྱི་འཕྲིན་ལས་རེ་རེས་བསྐལ་པའི་ཆོ་རབས་འདོན་ཞིང་སྲིད་པའི་གཏན་ཚིགས་སྨྲ། ཁ་བ་ཅན་གྱི་རྗེ་འབངས་རྣམས་དཔའ་ངར་དང་རྟུལ་ཕོད་ཀྱིས་འགྱིང་། ལྷུན་པོའི་གཟུགས་སུ་བཞེངས་ཤིང་ཁྲོ་ཆུའི་ཞུན་མས་གཏམས་པའི་རྒྱལ་མཁར་དང་གསས་ཁང་གི་ཁ་བད་དགུང་ལ་སྙེག སྔགས་ཆེན་གྱི་རལ་པ་ས་ལ་འདྲུད་ཅིང་ཛོ་ཐིས་དང་རྦད་པས་རི་བོ་སྐྱོམ། གཏོ་དཔྱད་དང་མོ་པྲས་བདེ་སྡུག་གཏན་ལ་ཕབ་ཅིང་ལེགས་ཉེས་ཀྱི་མཛུབ་རིས་ཀེར། སྒོམ་ཆེན་དང་སྟང་ཆེན་གཡའ་རིར་འཁྲས་ནས་འོད་ལུས་དང་སྒྱུ་ལུས་མངོན་དུ་བཞེངས། སྲིད་པ་ནི་ཞང་བོད་རྫོགས་ལྡན་གྱི་དུས་དེ་ཡིན་ལ། འབེལ་གཏམ་ནི་གཤེན་ཞལ་དྲོད་མོའི་ལྗགས་རླབས་ལས་འཁྲུངས་པའི་ཐེག་དགུའི་གཤེན་དབྱངས་ཡིན། དེ་ནི་བསྐལ་པ་ཡར་དར་གྱི་འབེལ་གཏམ་ཡིན།།

 

གཙོ་སྒྲིག་པ་བཀའ་རམས་པ་ཚུལ་ཁྲིམས་རབ་བརྟན་གྱིས་སྤྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༢༣ ཉིན།

 

(སྤྱིའི་གཟིགས་གྲངས། 266 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྤྱི་ལོ་ ༢…
error: རྩོམ་འདི་བདག་དབང་ཅན་ཡིན།