ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་བོད་ཤིང་འབྲུག་ལོའི་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན་སྲུང་བརྩི་ཞུས་པ།

ལོ་ལྟར་བཞིན་གདན་ས་འདི་ནས་སྔར་སྲོལ་བཞིར་བཞག་གི་ཧོར་ཟླ་དང་པོའི་ཚེ་ལྔ་ཉིན་མོར་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་དུས་ཆེན་སྲུང་བརྩི་ཞུ་དང་ཞུ་བཞིན་ལ།འདི་ལོར་ཡང་ཚེས་ ༣ ཉིན་མོར་གཙུག་ལག་ཁང་དུ་མཆོད་བཟོ་ལེགས་པར་གྲུབ་ཅིང་།ཚེས་༤ཉིན་མོར་༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་།སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ།དེ་བཞིན་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་ཀྱི་གཙོས་བླ་མ་དགེ་བའི་བཤེས་གཉེན་འདུས་མང་ཡོངས་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཞུང་བསྲང་ཞིང་བདེ་བར་གཤེགས་པའི་མཚན་བརྗོད་ཅིང་དབྱངས་སུ་གྱེར།

ཚེས་ ༥ ཉིན་མུ་མཐུད་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་བསྲང་གནང་བ་དང་། སྒྲུབ་ཁང་དུ་བླ་མ་དགེ་བའི་བཤེས་གཉེན་ཚོ་གཅིག་ནས་མཉམ་མེད་བླ་སྒྲུབ་ཀྱི་སྒོ་ནས་ཚོགས་མཆོད་ཕུལ། སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་འདུས་མང་ཡོངས་གཙུག་ལག་ཁང་གསར་པའི་འོག་གི་ཚོགས་ཁང་དུ་མཉམ་མེད་ཆེན་པོའི་ཞལ་ཐང་གི་མདུན་ནས་འདུལ་བའི་གསོ་སྦྱོང་དབྱངས་སུ་གྱེར། དེ་རྗེས་སེར་སྐྱ་མི་མང་ཡོངས་སུ་འཛོམས་ནས་དགོན་གྱི་དར་ཆེན་བསྒྲེངས་ཤིང་ལྷ་རྒྱལ་གསོལ། དེ་ནས་དགེ་འདུན་པ་རྣམས་སེར་ཕྲེང་བསྒྲིགས་ཏེ་དགོན་པར་ཞལ་སྐོར་ཕེབས་པ་དང་འཆད་རར་མཆོད་རྔ་བརྒྱ་ཚར་བརྡུང་། དེ་ནས་འཆད་ར་འཚོགས་ཏེ་བསྟན་རྒྱས་སྨོན་ལམ་གསུངས་གྲུབ་པ་དང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་སྨད་ཆོག་སྒོ་དབྱེ་སོགས་མཇུག་གྲུབ་པར་གནང་། ཕྱི་དྲོ་ཕྱག་ཚོད་༢པའི་ཐོག་གཙུག་ལག་ཁང་དུ་སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་འདུས་མང་ཡོངས་སུ་འཚོགས་ནས་འཚོགས་འདོན་བདག་དང་འགྲོ་བ་སོགས་གྱེར་ཞིང་ཕྱག་ཚོད་༣པའི་ཐོག་བཅའ་ཡིག་རིན་པོ་ཆེ་འཚོགས་སུ་བསྒྲགས།

ཆུ་ཚོད་༥པའི་ཐོག་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་གྱེར་ཞིང་དགོང་མོ་གཙུག་ལག་ཁང་དུ་བླ་མ་མཆོད་པ་གསུངས་ཏེ་མཆོད་རྔ་ཚར་གཅིག་བརྡུང་། དེ་ནས་མཉམ་མེད་ཆེན་པོའི་གསོལ་འདེབས་དབྱངས་བཞིན་གཙུག་ལག་ཁང་གི་གཡས་མདུན་འཆད་རར་འདུས་ཏེ་མཆོད་རྔ་ཚར་གཅིག་བརྡུང་། དེ་ནས་སླར་གསོལ་འདེབས་དབྱངས་བཞིན་བླ་བྲང་གི་མདུན་དུ་འཛོམས་ཏེ་མཆོད་རྔ་ཚར་གཅིག་བརྡུང་། དེ་ནས་བླ་བྲང་ནས་རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་བརྙན་སྤོས་རྒྱས་འཆད་རར་གདན་དྲངས་ཤིང་བསྟན་འབར་སྨོན་ལམ་གསུང་བཞིན་དུ་སྐུ་བརྙན་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་པ་དང་བཀའ་རམས་པ་གཉིས་ནས་བཀྲ་ཤིས་ཚིག་བཀྲ་རྩོད་གནང་རྗེས་སྨོན་ལམ་མང་ཇ་འཚོགས། དེ་རྗེས་མཉམ་མེད་གསོལ་འདེབས་དབྱངས་སུ་གྱེར་བཞིན་སེར་སྐྱ་མི་མང་ཀུན་གྱིས་དགོན་པའི་འཆད་ར་སོགས་ཁོར་ཡུག་ཀུན་ཏུ་མཆོད་མེའི་འོད་ཀྱི་བཀང་སྟེ་རྒྱལ་བ་མཉམ་མེད་ཆེན་པོའི་དུས་སྲུང་བརྩི་རྒྱས་པར་ཞུས་པའི་གནས་བསྡུས་སུ་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༤ ཉིན་སྐྱ་ཀ་ཁྲ་བོས།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 272 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཟི་བརྗིད་…
error: རྩོམ་འདི་བདག་དབང་ཅན་ཡིན།