ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཚབ་ཤི་དགེ་བཤེས་གཙུག་ཕུད་རབ་གསལ་མཆོག་མེ་མོ་ཡང་དབེན་སྨིན་གྲོལ་གླིང་དགོན་གྱི་བླ་མར་ཁྲི་བཞེངས་གནང་བ།

མེ་མོ་ཡང་དབེན་སྨིན་གྲོལ་གླིང་དགོན་འདུས་སྤྱི་ནས་ཚབ་ཤི་དགེ་བཤེས་གཙུག་ཕུད་རབ་གསལ་མཆོག་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱིའི་དབུས་སུ་གྲྭ་སའི་སྒྲིག་སྲོལ་ཇི་བཞིན་བླ་མར་ཁྲི་བཞེང་དགོས་པའི་རེ་ཞུ་ཡིག་ངག་གཉིས་ཐོག་ནས་འབྱོར་ཏེ་ནན་བསྐུལ་ཆེར་བྱུང་བ་བཞིན་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་ཧོར་ཟླ་ ༡ ཚེས་ ༦ ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ཉིན་ཚབ་ཤི་དགེ་བཤེས་གཙུག་ཕུད་རབ་གསལ་མཆོག་འདི་ག་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་དབུས་བླ་བྲང་ནས་ངོས་འཛིན་ཡི་གེ་དང་བཅས་དངོས་སུ་ཁྲི་བཞེང་གནང་ཡོད།

དེ་ཡང་ཞོགས་པའི་ཕྱག་ཚོད་ ༨ པའི་ཐོག་གཙུག་ལགས་ཁང་དབུས་སུ་འདུས་མང་འཛོམས་ཏེ་བླ་མ་མཆོད་པའི་སྒོ་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེག་འབུལ་ཞུས་པ་དང་། དེ་ནས་ཕྱག་ཚོད་ ༩ པའི་ཐོག་མེ་མོ་ཡང་དབེན་སྨིན་གྲོལ་གླིང་དགོན་འདུས་སྤྱི་ནས་བླ་མ་ཁྲི་གསོལ་གྱི་མཛད་སྒོ་དང་འབྲེལ་སེར་སྐྱ་མི་མང་ཡོངས་ལ་འབྲལ་སིལ་འདེག་འབུལ་དང་འཚོགས་སུ་སྨོན་ལམ་མང་ཇའི་མཆོད་སྤྲིན་རྒྱས་འབུལ་ཞུས། དེ་ལྟར་ཁོང་གི་མ་འོངས་པའི་བསྟན་དང་འགྲོ་བའི་དོན་གྱི་མཛད་འཕྲིན་ཉི་འོད་བཞིན་རྒྱས་པའི་སྨོན་འདུན་དང་བཅས་ཁྲི་གསོལ་མཛད་སྒོའི་གནས་བསྡུས་སུ་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ཉིན་སྐྱ་ཀ་ཁྲ་བོས།

ཚབ་ཤི་དགེ་བཤེས་གཙུག་ཕུད་རྣམ་དག་རབ་གསལ་གྱི་ལོ་རྒྱུས།

ཚབ་ཤི་དགེ་བཤེས་གཙུག་ཕུད་རྣམ་དག་རབ་གསལ་ནི། ཧོར་ཚོ་པ་སུམ་ཅུ་སོ་དགུའི་ནང་ཚན།   རྔུལ་རྫ་ཟལ་མོའི་སྒང་སྟོད་ཧོར་སྦྲ་ཆེན་གསེར་ལུང་ཕྱུག་མོའི་ལྗོངས་སུ་བོན་མིང་ཡུལ་ལ་ཐོགས་པ་བོན་ཐའི་མངའ་ཁོངས་སུ། ཡབ་ཚབ་ཤི་འབྲུག་སྐྱབས་དང་ཡུམ་དྭང་ར་བཟའ་དགེ་སྤྱོད་དབང་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༧༦ ལོར་སྐུ་འཁྲུངས།   ལོ་ངོ་དྲུག་སོན་སྐབས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་བསླབ།   དགུང་ལོ་བཅུ་དྲུག་ཐོག་ཧོར་སྦྲ་ཆེན་རྟོགས་ལྡན་རྣམ་གསུམ་གྱི་ཡ་གྱལ་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་ཞང་ཞུང་སྒོ་པའི་ཡུལ་རི་བོ་རྩེ་དྲུག་དགོན་དུ་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཤིང་སྒོམ་གྲྭའི་མཁན་པོ་ཚུལ་ཁྲིམས་རབ་རྒྱས་དང་། སྒྲུབ་གྲྭའི་མཁན་པོ་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ཀྱི་མདུན་ནས་ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ་གཙོས་པའི་གསུང་འབུམ་གྱི་ཁྲིད་ལུང་དང་། རྩ་རླུང་། འཁོར་འདས་རུ་ཤན་སོགས་སྒྲུབ་གྲྭའི་བཅའ་སྒྲིག་ཇི་བཞིན་སློབ་མཐར་ཕྱིན་ཏེ་གཤེན་གྱི་རྣལ་འབྱོར་པའི་མཚན་རྟགས་བཞེས།

ཕྱི་ལོ་ ༡༩༩༥ ལོར་སྨན་རིའི་དབུ་མཛད་ཆེན་མོ་བསྟན་འཛིན་འོད་ཟེར་གྱི་མདུན་ནས་རྒྱལ་བ་སྨན་རིའི་ལུགས་ཀྱི་ཆོ་ག་ཕྱག་ལེན་སྐོར་དང་། ལྷག་པར་དུ་ཁྲོ་ཕུར་གདངས་གྱེར་དང་ཞི་ཁྲོ་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ཞལ་ཁྲིད་སོགས་ཐོབ། ཕྱི་ལོ་ ༡༩༩༨ ལོར་མེ་མོ་སྨིན་གྲོལ་ཡང་དབེན་གླིང་དུ་སྨན་སློབ་སྐལ་བཟང་ཉི་མའི་མདུན་ནས་རིགས་དྲུག་རང་སྦྱོང་གི་སྒྲུབ་པ་ཞག་བརྒྱ་བཞུགས། ཕྱི་ལོ་ ༢༠༠༤ ལོའི་སྤྱི་ཟླ་ ༡༠ ཚེས་ ༢༣ གཟའ་པ་སངས་ཉིན་༸བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ཞིང་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་ཐོས་བསམ་སློབ་གཉེར་བྱས། དེ་ཡི་སྐབས་སུ་ཀུན་མཁྱེན་སྡུད་གྲྭ་དང་།   རྟགས་རིགས་ཚད་མའི་དགོངས་རྒྱན། རྗེ་ཡི་ཚད་མ་རང་འགྲེལ། སྟོན་པའི་ཐེག་འགྲེལ། རྗེའི་ས་ལམ་རང་འགྲེལ། མཚོན་བྱེད་ཞེ་ལྔའི་རྣམ་བཞག་བཅས་དམིགས་བསལ་ངག་རྒྱུགས་ཕུལ་ཏེ་བསྔགས་བརྗོད་ཀྱི་གཟེངས་རྟགས་མང་པོ་ཐོབ། ༢༠༠༧ ནས་ ༢༠༡༣ བར་མི་ལོ་ཧྲིལ་པོ་བདུན་གྱི་རིང་བཤད་སྒྲུབ་འདུས་སྡེའི་ཚོགས་དང་འཆད་ར་སོགས་གང་ཡང་མ་ཆད་པའི་གཟེངས་རྟགས་གྲངས་མང་ཐོབ།

༢༠༠༩ ཟླ་བ་༡༢ ཚེས་ ༢༤ ཉིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། ༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་སྐུ་མདུན་ནས་དྲང་སྲོང་ཁྲིམས་རྣམས་རྫོགས་པར་ཞུས། ཕྱི་ལོ་ ༢༠༡༣ ལོར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་དྲུང་ནས་ཕྱི་རྒྱུད་བཀའ་དབང་ཆ་ཚང་དང་། ནང་རྒྱུད་གསས་མཁར་མཆོག་ལྔའི་དབང་ཆ་ཚང་ཞུ་བའི་སྐལ་བཟང་ཐོབ།  དེ་བཞིན་༸སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཕལ་ཆེར་ཐོབ་པ་མ་ཟད་སྔགས་སེམས་ཀྱི་བཀའ་ཁྲིད་གང་མང་ཞུ་བའི་སྐལ་བཟང་བྱུང་། ཁྱད་པར་དུ་ཕྱི་ལོ་ ༢༠༡༤ ལོར་སྒྲུབ་ཆེན་སྐབས་ཨ་མཆོད་བཅུ་གཉིས་ཀྱི་གྲས་སུ་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་ཕྱག་ལེན་ཆ་ཚང་སྦྱངས། ཕྱི་ལོ་ ༢༠༡༥ ནས་གྲྭ་ཚང་གི་དབུ་མཛད་ཆེན་མོའི་འགན་ཞེས། ཕྱི་ལོ་ ༢༠༡༧ ནས་རིག་གནས་དགེ་རྒན་གནང་། ཕྱི་ལོ་ ༢༠༡༨ ལོར་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༡༨ ལོར་མདོ་སྔགས་རིག་གནས་དང་བཅས་པ་དཔེ་ཁྲིད་ཡོངས་སུ་མཐར་ཕྱིན་རྗེས་སླར་ཡང་མི་ལོ་ཧྲིལ་པོ་གསུམ་གྱི་རིང་གསང་སྔགས་མ་རྒྱུད་སྐོར་ཆེད་སྦྱོང་གསན་བསམ་མཐིལ་ཕྱིན་མཛད་དེ་ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༢༨ ཉིན་མ་རྒྱུད་ཆེད་སྦྱོང་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་ཐོབ་པ་མ་ཟད་འཆད་རྒྱུགས་སྐབས་སུ་དབང་རིམ་དང་པོའི་ཕྱག་ཁྱེར་ཐོབ།  

༢༠༢༡ ལོར་༧མཁན་སློབ་རྣམ་པའི་མདུན་དུ་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་སྤྱན་འབུལ་ཞུས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ས་ཏྲིག་སྲས་ཞེས་གནང་།  མདོར་ན་མི་ལོ་བཅུ་བདུན་རིང་སློབ་གཉེར་བྱས་པའི་འབྲས་རྟགས་སུ་ལོ་དེར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་པ་རྒྱ་མཚོའི་དབུས་ནས་མདོ་སྔགས་རྫོགས་གསུམ་རིག་པའི་གནས་ལྔ་དང་བཅས་པ་གསན་སྦྱང་མཐར་ཕྱིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པ་དང་། ད་ལན་དངོས་སུ་མེ་མོ་ཡང་དབེན་སྨིན་གྲོལ་གླིང་གི་བླ་མར་ཁྲི་བཞེང་གནང་བ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་འདི་དེ་སྔོན་སྦྲ་ཆེན་ཞི་བདེའི་ཕོ་ཉ་ནས་བྲིས་པ་བཞིན་དུ་འདིར་བཀོད།

མདུན་ངོས་ཀྱི་པར། ཁྱུང་ཐོག་རྒོད་ནས་མཁོ་འདོན་ཞུས།

(སྤྱིའི་གཟིགས་གྲངས། 1,403 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ལོ་ལྟར་བཞི…
error: རྩོམ་འདི་བདག་དབང་ཅན་ཡིན།