ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ལྕགས་གླང་ལོའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་རྩ་རླུང་ཞག་བརྒྱའི་སྒྲུབ་མཚམས་གྲོལ་བ། 

རྩ་རླུང་སྒྲུབ་པར་བཞུགས་སའི་ས་གནས་<<རྒྱལ་གཤེན་སྤོ་བ་>>ནི་རྒྱལ་ས་ཀ་ཐ་མན་དྲུ་ནས་ཤར་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ཙམ་གྱི་སར་གསའ་ཁུན་ཞེས་པའི་རྫོང་ཞིག་ཡོད་པ་དེ་བརྒྱུད་ནས་ཕུ་ཡི་རི་འགོར་སྤྱི་ལེ་བརྒྱད་ཙམ་འཛེགས་ན་ས་གནས་དངོས་དེར་འབྱོར་ཐུབ། ས་གནས་དེ་རུ་ད་སྔོན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གསོ་རིག་འབུམ་བཞི་སློབ་གྲྭ་འཚོགས་སའི་གནས་གཞི་དང་། སྨན་སྣ་འདེབས་འཛུགས་གནང་སའི་འཁོར་ཡུག་ཞིག་ཏུ་འཆར་གཞི་བཏིང་གནང་ཡོད་པ་ལྟར་ད་སྔོན་ཁང་པ་ཐོག་རྩེག་གཉིས་ཅན་གྱི་བསྟར་པ་གཅིག་བརྒྱབ་ཡོད་ཀྱང་ད་དུང་འཆར་གཞི་ལྟར་ཐབ་ཚང་སོགས་འབུམ་བཞི་སློབ་གྲྭར་དངོས་ངེས་ཀྱི་ཆ་རྐྱེན་འཐུས་ཚང་གྲ་འགྲིག་མ་བྱུང་སྟབས་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ད་བར་དགོན་པའི་སྒྲུབ་གྲྭ་བས་རྩ་རླུང་སྦྱོང་སའི་རི་ཁྲོད་ཅིག་ཏུ་ཆགས་ཡོད། ད་སྔོན་ཕྱི་ལོ་ ༢༠༡༩ དང་ཕྱི་ལོ་ ༢༠༢༠ ལོ་གཉིས་བསྟུད་མར་བཤད་སྒྲུབ་གཉིས་ཀྱི་ཁོངས་གཏོགས་ནས་བསླབ་པ་མཐར་སོན་ཉེ་བའི་སློབ་གཉེར་བ་དང་། དགེ་བཤེས་སོགས་རྩ་རླུང་སྦྱོང་མཁན་སྔ་ཕྱི་ཐེངས་གཉིས་ཙམ་དབེན་གནས་འདིར་ཞག་བརྒྱར་བཅད་མཚམས་བཞུགས་ནས་ཨ་སྙན་གཉིས་ཀྱི་རྩ་རླུང་འཁྲུལ་འཁོར་རྣམས་ཕྱག་ལེན་གནང་ཞིང་། བླ་མ་མགོན་པོ་དབྱེར་མེད་སྒྲུབ་པའི་གཞུང་བསྲངས་པ་དང་། སྐུ་གསུམ་རང་ཤར་གྱི་རྩ་རླུང་གནད་ཀྱི་ཞལ་ཤེས་ལྟར་ཕྱག་ལེན་བསྐྱངས་གནང་བའི་གནས་ཚུལ་ཡོད་པ་ནི་གྲྭ་བཙུན་ཞིག་གི་ངོས་ནས་བཤད་ན་ཐོས་བསམ་སྒོམ་སྒྲུབ་ཅེས་པའི་སྡོམ་བཞི་ལས་སྒོམ་པ་དང་སྒྲུབ་པའི་ཕྱག་ལེན་དངོས་ལ་འཇུག་པའི་ཚུལ་ཏེ། ཐོས་པའི་དོན་རྣམས་རང་གི་ལུས་ངག་ཡིད་གསུམ་གྱིས་མྱོང་ཐོག་ལ་སྦྱར་བ་དང་། ཇི་ལྟར་ཉམས་སུ་བླངས་པ་རྣམས་ཡར་རྒྱས་གོང་འཕེལ་དང་། རྩལ་འདོན་གེགས་སེལ་གྱི་ཐབས་ལམ་ལ་བསླབ་ཚུལ་ཐུན་མིན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། དེ་བཞིན་ ༢༠༢༡ ལོ་འདིར་ཡང་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་གཉིས་ཀའི་ནང་བཞུགས་དམིགས་བསལ་སྒྲུབ་གྲྭ་བ་དང་། གཤེན་གྱི་རྣལ་འབྱོར་ཐོན་ལ་ཉེ་བའི་སྒྲུབ་གྲྭ་བ། དེ་བཞིན་ཆེད་སྦྱོང་སློབ་གཉེར་བ། བླ་མ་དགེ་བཤེས་བཅས་ཁྱོན་རྩ་རླུང་སྦྱོང་མཁན་མི་གྲངས་ ༡༠ ཙམ་བྱུང་བ་རྣམས་ཀྱིས་ཐོག་མར་ཟླ་གཅིག་ཙམ་རིང་ཁྲིད་ལུང་འཐུས་ཚང་ཞུས་པ་དང་། ཨ་སྙན་གཉིས་ཀྱི་འཁྲུལ་འཁོར་རྣམས་ལ་སྦྱོང་བརྡར་་བྱང་ཆུབ་པར་གནང་། 

དེ་རྗེས་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་དབེན་ཁྲོད་དེར་ཕྱིན་ནས་གཏོར་མ་བཅའ་བཟོ་སོགས་སྔོན་འགྲོའི་བྱ་བ་རྣམས་ཡོངས་སུ་བསྒྲུབས་པ་དང་། དེ་མུས་བོད་ཟླ་དགུ་སྔ་མའི་ཚེས་ ༠༡ ཕྱི་ཟླ་ ༡༠ ཚེས་ ༠༧ ཉིན་དངོས་སུ་རྩ་རླུང་གི་བཅད་རྒྱར་བཞུགས་ཏེ། ཞོག་པ་ཐོར་ཐུན་དུས་ཚོད་བཞི་དང་ཕྱེད་ཀའི་ཐོག་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པའི་སྔོན་འགྲོ་ནས་བཟུང་སྒྲུབ་པའི་དབུ་ཚུགས་པ་དང་། ཞི་བ་ཨ་གསལ་དང་སྦྲགས་ནས་འཕྲིན་ལས་ཀྱི་གཞུང་བསྲང་སྟེ་ཚོགས་འཁོར་རྒྱས་པར་ཕུལ། ཉིན་འདིར་ཐོར་ཐུན་དང་སྔ་ཐུན་གཉིས་ཀྱི་དུས་ཚོད་ནང་ཚོགས་འཁོར་རྒྱས་འབུལ་ཞུས་ཐོག་སླར་ཡང་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་དབུ་ནས་འཛབ་བསྟོད་བར་ཚར་རྗེས་ཉིན་རྒྱབ་ཕྱག་ཚོད་གསུམ་པའི་བར་བསྙེན་འཛབ་གྲངས་སུ་བགྲང་བཞིན་བར་གསེང་གི་རྣམ་པའི་ཚུལ་དུ་གནས། 

ཉིན་རྒྱབ་ཆུ་ཚོད་གསུམ་པ་ནས་འཛབ་བསྟོད་དང་། སྐུ་བསྟོད། བོན་སྐྱོང་རྒྱས་བསྐུལ། གཏོར་འབུལ། བྲོ། ཕྱྭ་ཚེ། གསང་མཚམས། སྐྱབས་སེམས་ཡན་ཚར་བ་དང་། ཕྱི་དྲོ་ཆུ་ཚོད་བཞི་དང་ཕྱེད་ཀ་ནས་དྲུག་བར་ཕྱི་ཐུན་དང་བསུར་བསྔོ། དྲུག་དང་ཕྱེད་ཀ་ནས་བརྒྱད་བར་སྲོད་ཐུན་དང་། དེ་ནས་ལུས་སྦྱིན་བསྔོ་སྨོན་དང་བཅས་པ་ནི་ཉིན་དང་པོའི་རྣམ་འབྱོར་ཉམས་ལེན་ལ་བརྩོན་ཚུལ་གྱི་གོ་རིམ་ཞིག་ཡིན། 

ཉིན་གཉིས་པར་ཞོག་པ་ཆུ་ཚོད་བཞི་དང་ཕྱེད་ཀ་ནས་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཐོར་ཐུན་སྐྱོང་རྗེས་བསང་གི་སྔོན་འགྲོ་དང་། མཁྱེན་གསོལ། སྲིད་རྒྱལ། མི་བདུད། བཙན། རྒྱལ་པོ། གྲགས་སེང་། ཡུལ་ས་མཁོ་སྒྲུབ། ཆུ་གཏོར་བཅས་གྲུབ་མཚམས་ཞི་བ་ཨ་གསལ་དང་། བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པའི་གཞུང་བསྲང་སྟེ་འཛབ་བསྟོད་བར་དང་། སྔ་ཐུན་ཆུ་ཚོད་བརྒྱད་ནས་དགུ་དང་ཕྱེད་ཀའི་བར་བསྐྱངས་རྗེས་བསྙེན་འཛབ་ལ་འཇུག་པ་བཅས་སྔ་ཉིན་དང་གཅིག་མཚུངས་ཡིན། མདོར་ན་ཐོར་ཐུན་དང་སྔ་ཐུན། ཕྱི་ཐུན་དང་སྲོད་ཐུན་བཅས་ཉིན་རེར་ཐུན་བཞིའི་ཉམས་ལེན་ལ་བརྩོན་པའི་དབུར་དགོངས་སྤྱོད་རྣམ་གསུམ་དང་། རྩ་རླུང་གསོལ་འདེབས་གཉིས་རེས་མོས་ཀྱིས་དྷ་སིལ་གྱི་སྒྲ་དང་བཅས་ཏེ་དབྱངས་ལ་སྐྱོན་བཞིན་མཇུག་བསྔོ་སྨོན་གྱིས་བསྡུས་ཏེ་དམ་པ་གསུམ་གྱིས་ཟིན་པའི་ཉམས་ལེན་ལ་འཇུག་པའི་ལམ་སྲོལ་རྣམས་མ་འཛོལ་བར་རྒྱུན་སྐྱོང་གནང་སྟེ། འཇམ་རླུང་ལ་བདུན་བཞི་དང་། བར་རླུང་ལ་བདུན་ལྔ། དྲག་རླུང་ལ་བདུན་ལྔ་དང་ཞག་གཉིས་བཅས་ཁྱོན་ཞག་གྲངས་བརྒྱ་ཡི་རིང་དུ་སྟོང་ར་རྣམ་གསུམ་གྱིས་ཁོག་ཕུབ་ཅིང་རླུང་ཁུག་དང་འཁྲུལ་འཁོར་གྱི་སྣོན་འཕྲི་བཅས་གང་དགོས་ཞལ་ཤེས་ལྟར་མ་འཛོལ་བར་ཕྱག་ལེན་ཞུས་ཐོག་མཇུག་ཏུ་ཆུ་རས་དང་། གཏང་རག་གི་ཚོགས་མཆོད། བཅུད་ལེན། བཀྲ་ཤིས་གཤེགས་བསྐྱོད་བཅས་ཀྱི་སྒོ་ནས་མཐར་ཕྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༡༤ ཉིན་ལས་རིམ་མཐའ་བསྡུ་ལེགས་གྲུབ་བྱུང་བའི་གནས་བསྡུས་དང་ལྷན་དུ་ཞག་གྲངས་འདི་དག་གི་རིང་མ་བྱན་གནང་མཁན་སྔ་ཕྱི་ཐམས་ཅད་དང་། དེ་བཞིན་མཐུན་སྦྱོར་རོགས་འདེགས་གནང་མཁན་ལྷན་རྒྱས་ལ་ཤིན་ཏུ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

སྲིད་པའི་མིག་ཅན་གྱིས ༢༠༢༢ ༡༤ ཉིན།

(སྤྱིའི་གཟིགས་གྲངས། 1,030 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།