གདན་ས་ཁྲི་བརྟན་ནོར་བུ་རྩེའི་བོད་ཆུ་སྟག་ལོའི་གཤེན་གྱི་གར་འཆམ་ཆེན་མོ།
གཤེན་གྱི་གར་འཆམ་ནི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་ལོ་རེའི་བྱེད་སྒོ་གལ་ཆེན་དུ་བརྩིས་ནས་ལོ་ལྟར་ཧོར་ཟླ་བཅུ་གཉིས་པའི་ནང་ནས་གར་འཆམ་སྦྱོང་བརྡར་ཚགས་ཚུད་གནང་མཐར་འཆམ་རྒྱུགས་གཏོང་གི་ཡོད། ཚེས་བརྒྱད་ཉིན་གར་འཆམ་གཟིགས་འབུལ་ཞུ་སྲོལ་ཡོད་ཀྱང་འདི་ལོ་མི་མང་གི་དལ་ཁོམ་དང་བསྟུན་ཏེ་ཕྱི་ལོ་ ༢༠༢༢ ༣ ༩ ཉིན། བོད་ལྕགས་གླང་ལོའི་ཧོར་ཟླ་ ༡ པོའི་ཚེས་ ༧ ཉིན་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་དང་འབྲེལ། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་བླ་མ་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་གཙོས་པའི་གྲྭ་ཚང་དང་ཕྱོགས་མཐའ་ཁག་གི་མི་མང་འདུ་འཛོམས་གནང་ནས། ཕྱག་ཚོད་ ༩ ཐོག་འཆམ་འགོ་བཙུགས་ཏེ། རྔ་གཤང་དུང་གླིང་གི་སྒྲ་དབྱངས་སྒྲོག་བཞིན་དྲི་ཞིམ་སྤོས་བསང་དང་བཅས། ཚོགས་ཆེན་དགེ་སྐོས་ལགས་ཀྱིས་འཆམ་སྣ་བསུས་ཏེ་བོན་སྐྱོང་བསྟན་སྲུང་ཡོངས་ཀྱི་གཙོ་མོ་སྲིད་རྒྱལ་ཡེ་ཤེས་དབལ་མོའི་གར་འཆམ་དང་། སྲིད་རྒྱལ་དུས་དྲུག་འཆམ་བཞིན་སྒྲུབ་ཁང་ལྷ་མཆོད་ལགས་ནས་ཐུགས་བསྐྱེད་སྨོན་ལམ་མངའ་གསོལ་གྱི་ཕྱག་འབྲུ་དང་། སྙན་དར་ཁ་བཏགས་བཅས་ཕུལ། དེ་ནས་རྣམ་བརྒྱད་དང༌། གཤེན་རབ་དགུ་འཆམ། མ་རྒྱུད་ཚོགས་འཆམ། གཟེ་མ་དགུ་འཆམ་བཅས་འཆམ་ཆེན་དང་། སེང་འཆམ། ཤྭ་འཆམ། གཡག་འཆམ་བཅས་རྩེད་འཆམ་རིགས་རྣམས་གཟིགས་འབུལ་ཞུས་ཏེ་འདི་ལོའི་གར་འཆམ་མཇུག་གྲུབ་པ་དང། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་ཕྱི་དྲོ་མི་མང་རྣམས་ལ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དམིགས་བསལ་མཇལ་ཁ་གནང་བ་བཅས་ཀྱི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་བའི་རྩོམ་སྒྲིག་པ་ཏི་སེའི་བུས་ཕྱི་ལོ་ ༢༠༢༢ ༣ ༩ ཉིན་བྲིས་ཏེ་སྤེལ།། །།
པར་པ་རླུང་བུ།