ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གཤེན་བསྟན་དར་རྒྱས་གླིང་དུ་ཕེབས་པའི་སྐོར་གྱི་གནས་འཕྲིན།

  དེ་ཡང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དབུས་པས་Franceགཤེན་བསྟན་དར་རྒྱས་གླིང་གི་འདུས་ཚོགས་ནས་ཇི་ལྟར་གསོལ་སྨོན་བཏབས་པ་བཞིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་ France གཤེན་བསྟན་དར་རྒྱས་གླིང་དུ་མཆོད་རྟེན་རབ་གནས་ཀྱི་མཛད་སྒོའི་དབུ་མགོན་དུ་ཆིབས་སྒྱུར་བསྐྱངས། དེ་ལྟར་ཕྱི་ལོ་༢༠༡༠།༠༧།༢༠ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་སོ་གསུམ་པ་ཆེན་པོ་སྟོན་འཁོར་དང་། བཀུར་འོས་བོན་སྤྱི་གཡུང་དྲུང་རྒྱལ་མཚན་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་བརྒྱུད་Franceལ་ཕེབས་ཐོན་གནང་། Franceརྒྱལ་སའི་གནམ་ཐང་དུ་ཕེབས་གྲུབ་མ་ཐག་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་དང་གཤེན་བསྟན་དར་རྒྱས་གླིང་གི་ལས་སྣེ་བ་གཙོས་འབྲེལ་ཡོད་ཕྱི་རྒྱལ་གྱི་བོན་འབངས་རྣམས་ཀྱིས་ཕེབས་བསུ་དང་མཇལ་ལམ་ཞུས་ཏེ་ཉིན་དེར་རྒྱལ་སའི་Parisཉེ་འཁྲིས་སུ་ཞག་བཞུགས་གནང་། ཕྱི་ཚེས་༢༡ཉིན་གནས་དེ་ནས་ཕེབས་ཐོན་གནང་སྟེ་ཆུ་ཚོད་གསུམ་ཙམ་འགྲུལ་བཞུད་གནང་མཚམས་Franceགཤེན་བསྟན་དར་རྒྱས་གླིང་དུ་དངོས་སུ་ཕེབས་འབྱོར་བྱུང་། སྐབས་དེར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་ཕེབས་སྣེ་དྲངས་པ་དང་བསྟུན་བདག་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་༧མཁན་སློབ་ཉི་ཟླ་ཟུང་ཞིག་སླར་ཡང་ནུབ་ཕྱོགས་ཀྱི་གླིང་ཁ་སྟེ་གཤེན་བསྟན་དར་རྒྱས་གླིང་འདིར་དགྱེས་ཞལ་མཉམ་འཛོམས་ཀྱི་ལེའུ་གསར་པ་ཞིག་དབུ་ཚུགས། དེ་དང་སྦྲགས་དགེ་བའི་བཤེས་གཉེན་རྣམ་པ་དང་ཕྱི་གླིང་བའི་དད་ལྡན་རྣམས་ཀྱིས་སེར་ཕྲེང་གིས་བསུ་མ་དང་བཅས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གི་ཞབས་ཟུང་འཁོར་ལོའི་རེ་ཁ་གཤེན་བསྟན་དར་རྒྱས་གླིང་དུ་བདེ་བར་འཁོད། ཕྱི་ཚེས་༢༢ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གིས་གཤེན་བསྟན་དར་རྒྱས་གླིང་གི་ཕྱི་ནང་ཁོར་ཡུག་ཀུན་ལ་རབ་གནས་དང་འཚམས་གཟིགས་གནང་། ཕྱི་ཚེས་༢༥ཉིན་མཁན་སློབ་ཉི་ཟླ་ཟུང་དང་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་གཙོས་བླ་མ་དགེ་བཤེས་རྣམས་ཀྱིས་མངའ་དབུལ་རབ་གནས་ཀྱི་ཆོ་ག་ཞལ་ཕྱེས་ཏེ་མཆོད་རྟེན་དང་། ལྷ་ཁང་། མཚམས་ཁང་། དཔེ་མཛོད་ཁང་། ལས་ཤག བཞུགས་ཤག་སོགས་དང་། ནང་ལོགས་ཀྱི་སྐུ་གསུང་ཐུགས་རྟེན་བཅས་ལ་བྱིན་རླབས་རབ་གནས་བཀའ་དྲིན་ཆེ་བ་བསྩལ། དེ་རྗེས་ཁང་པའི་ཕྱི་རུ་བཞེངས་པའི་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་མདུན་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་པས་བླ་སློབ་རྣམས་ཀྱིས་ཀུན་གསལ་སྒྲོན་མེའི་ཞལ་ཁ་ཕྱེས་ཤིང་སྐྱ་སེར་འདུས་པ་ཀུན་གྱིས་མར་མེ་སྨོན་ལམ་འུར་འདོན་གནང་བཞིན་ཞབས་སྐོར་དུ་ཐེངས་གསུམ་ཕེབས་གྲུབ་མཚམས་ཇ་སྟོན་དང་བཅས་རབ་ཏུ་གནས་པའི་མཛད་འཕྲིན་གྱི་མཇུག་གྲུབ། ཕྱི་ཚེས་༢༧གྱི་ཞོགས་ཀར་བསང་གསོལ་གྱི་མཆོད་སྤྲིན་དང་སྦྲགས་དར་པོ་ཆེ་སྒྲེང་འཛུགས་གནང་བ་དང་། རླུང་རྟ་སྒྲོན་ཏེ་གཡུང་དྲུང་བོན་གྱི་བསྟན་པ་ཡུན་རིང་དུ་གནས་པ་དང་སྐྱེ་འགྲོ་སེམས་ཅན་གྱི་བདེ་རྩ་ཡིད་བཞིན་འགྲུབ་པའི་ཐུགས་སྨོན་གནང་ཞིང་ཀི་བསྭོ་ལྷ་རྒྱལ་འཐེན། ཕྱི་ཚེས་༢༦ནས་༢༨བར་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཉིས་ནས་རིམ་བཞིན་སྔ་དྲོ་དང་ཕྱི་དྲོའི་དུས་ཚོད་ལ་བོན་འཆད་ཁྲིད་ཀྱི་བཀའ་དྲིན་སྐྱབས་འཇུག་བསྐྱངས། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་པ་རྣམས་ཀྱིས་དགའ་མགུ་ཡི་རང་དང་སྦྲགས་སྤྲོ་སེམས་འཁོར་བའི་ངང་ནས་སེམས་ཀྱི་བདེ་སྐྱིད་རང་རྒྱུད་ལ་ཐོབ་པ་དེ་ནི་བླ་མས་བྱིན་གྱིས་བརླབས་པའི་དོན་ངོ་མ་ཞིག་ཀྱང་ཡིན་པ་རེད། ཕྱི་ཚེས་༢༩ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐྱ་སེར་འདུས་པ་ཀུན་ལ་ཀུན་གསལ་བྱམས་མ་ཆེན་མོའི་བཀའ་དབང་བཀའ་དྲིན་སྐྱབས་འཇུག་བསྐྱངས་གྲུབ་པ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དབུས་པས་གཤེན་བསྟན་དར་རྒྱས་གླིང་གི་ལས་སྣེ་བ་རྣམས་ཀྱིས་༧སྐྱབས་རྗེ་མཁན་སློབ་རྣམ་པ་གཉིས་ལ་མན་འདལ་སྐུ་གསུང་ཐུགས་རྟེན་སོགས་བརྟན་བཞུགས་ཞབས་བརྟན་དང་གསོལ་འདེབས་སྨོན་ལམ་གྱིས་མཚམས་སྦྱར་ཞུས་ཏེ་མཛད་སྒོའི་མཇུག་བསྡུ་ལེགས་གྲུབ་བྱུང་། ད་རེས་ཀྱི་མཛད་སྒོ་འདི་ནི་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཉིས་ནུབ་ཕྱོགས་ཀྱི་གླིང་ཁ་འདི་རུ་མཉམ་འཛོམས་ཀྱི་གོ་སྐབས་རིན་ཐང་ཆེ་བའི་ལེའུ་ཚན་ཞིག་ཡིན་ལ། དེ་བཞིན་ཕྱི་ཕྱོགས་བོན་གྱི་སློབ་འབངས་རྣམས་ལ་ལྟོས་ཏེ་ཆེས་ལྷག་པའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་པ་ཡིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།

                                                      ཕྱི་ལོའི་༢༠༡༠ཟླ་༠༨ཚེས་༢༩ལ་ཁྱུང་གསས་མིང་པས་སྤེལ།

(སྤྱིའི་གཟིགས་གྲངས། 44 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཛོད་གནས་བ…
error: རྩོམ་འདི་བདག་དབང་ཅན་ཡིན།