ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ་ཞེས་བྱ་བ་བཞུགས་སོ། 

༄༅། །སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །གཏམ་རྒྱུད་བརྡའི་གཟེར་བུ་ལས། བླ་མ་ལ་མོས་གུས་ཆུད་པ་གཅོ་ཟ་བོན་མོ་ཞེས་བྱ་བ་༼བདག་ཉིད་དང་བླ་མ་མ་བྲལ།༽ནི། གཅོ་ཟ་དེ་དྭགས་པོ་རྩ་ཤོད་པ་ཡིན། ཕ་ནི་གཅོ་གྱིམ་བུ་ལེན་ཚ་ཞེས་བྱ། མ་རྒྱ་མོ་སྐྱིད་ལྕམ་གཉིས་ཀྱི་བུ་མོར་འཁྲུངས། སྔོན་ལས་བཟང་པོ་བསགས་པས། ༼ཚེ་སྔ་མ་ལ།༽ཆགས་པ་ཆུང་ལ་དད་པ་ཤེས་རབ་ཆེ། ཁྱོ་ལ་བཏང་ཞེས་ཀ་ཆ་སྣ་ཚོགས་བསྒྲུབས་པས། རྒྱན་སྣ་ཚོགས་བཏགས་༼གསེར་གཡུ།༽ནས། རོལ་རྩེད་ཟླ་ལ་བཏང་པས། ༼རོག་མོ།༽མི་འགྲོ་བར་གཅིག་པུར་གུད་དུ་བསྡད་༼འཁོར་བར་སྐྱོ་བ་སྐྱེས་པས་སྣང་བ་དང་བློ་མ་འདྲེས།༽དེ། བུ་མོ་དེ་ལ་གཞན་དང་མི་འདྲ་བའི་ཁྱད་པར་གསུམ་ཡོད་དེ། ནང་ནུབ་ལྟོ་ཆུའི་དུས་ན་བྱིལ་ཆུང་༼ཅོ་ག༽སང་ཏྲི་ཏ་རྐྱེན་བསྐུལ་གྱི་ཚུལ་དུ་ཆགས་པ་དང༌། ནམ་མཁའི་མཐོངས་ནས་གཟུགས་མེད་སྒྲ་སྐད་༼ཐོ་རང༌།༽ཅིག་ཅོ་ཟ་བོན་མོ་ཞེས་ཟེར་ཀྱིན་འབོད་པ་དང༌། གཉིད་ཀྱི་རྨི་ལམ་ན་ལོངས་སྤྱོད་སྣ་ཚོགས་འགྱེད་པ་དང༌། ༼དུས་སོང་བའི།༽རྒྱ་གར་གྱི་མཁས་པ་རྣམས་ཀྱིས་དབང་བསྐུར་གདམས་ངག་བཏབ་པ་དང༌། ༼གཤེན་རབ་བཞི་ལས་སོགས་པ།༽ལྷ་ཡུལ་དུ་མཆོད་པ་ལ་ཕྱིན་པ་རྨིའོ། ༼སུམ་ཅུ་རྩ་གསུམ་དུ།༽དེ་སུའི་ཐུགས་རྗེས་གཟིགས་ན་གཤེན་ཚད་མེད་འོད་ལྡན་གྱི་སྤྲུལ་༼བསམ་ཡས་ཀྱི་བྱང་ཕྱོགས་ན།༽པ། དམུ་གཤེན་དྲན་པ་ནམ་མཁའ་དེས། གཅོ་ཡི་ཁང་བུའི་སྒོ་རྩར་སློང་དུ་བྱོན་༼དེ་སྤྲང་པོར་སྤྲུལ་ནས།༽་པས། བུ་མོ་དེ་ཤིན་ཏུ་སྤྲོ་བ་སྐྱེས་ནས། ༼གཤེན་རབ་དེ་ལ།༽ལུས་ཀྱི་ཤ་ཞིག་པ་ཙམ་བྱེད་ནས། ༼དད་པ་ཆུད་པ།༽འདར་ཞིང་མཁར་གཞོང་དུ་ཞིབ་དྲངས་པས། མཁར་གཞོང་ས་ལ་བརྡབས། ༼ཀ་ནས་ཁོང་མ་བཞེད་ནས།༽བུ་མོ་ཁྱོད་ཀྱི་ནོར་ཟས་ཕྱེད་མར་བགོ་དགོས། མི་བགོ་ན་ནོར་བཀྲགས་པ་ཞིག་ང་ལ་སྦྱིན་དགོས་གསུངས། ༼གཡུའམ་ཟངས་སྤྱད།༽བུ་མོས་མཁར་གཞོང་བཅག་པ་གསང་ནས། ༼ཁོང་གི་ཕ་མ་ལ།༽ནང་དུ་འོང་༼ཁྱིམ་དུ།༽ཁྱིམ་ནས་འཇབ་བུས་བརྐུས་པས། ༼མ་ཚོར་བར།༽་བླ་མས་ང་ལ་ཅི་ཡོད། ཆུ་རིལ་ཞིག་དང་བྲང་ཞིག་ཐོབ། གཤེན་རབ་དེ་ལ་ཕུལ་ནས་བྱིན་རླབས་ཞུས། ཕ་མ་རབ་༼རུས།༽ཕྱུག་མག་༼ཁྱོ་པོར།༽པར་བཙལ་ནས་༼བུ་མོ།༽བག་མར་བཏང་སྙམ་པས། བུ་མོ་འགྲོ་བའི་ཚུལ་མེད་སྨྱོན་མའི་སྤྱོད་པ་བྱེད། བག་མར་གཏོང་ཁ་བསམ་ཡས་བྲག་དམར་དུ་བྲོས། ༼བྱང་ཕྱོགས་སུ།༽གཉེན་འདུན་ཀུན་གྱིས་བཀུགས་པས། ཁུག་པའི་གླགས་ཀྱང་མེད། གཤེན་ལི་ཤུ་སྟག་རིང་ལ་ལུང་དྲུག་གི་ཤེས་ཉན་སྦྱངས། ༼དབུ་མའི་སྐོར་དང་བཅས།༽དྲན་པ་ནམ་མཁའ་ཉིད་ལ་སྙན་རྒྱུད་ཀློང་གི་དགོངས་པ་བླངས། ༼གསང་བ་བླ་ན་མེད།༽དབང་བཞི་རྫོགས་པར་གནང་ཞིང་རིག་པའི་རྩལ་དབང་བསྐུར། ༼ཕྱི་ནང་གསང་བའི་ཚིག་དབང༌།༽ གནང་བ་ཐོབ་ནས་ཧས་པོ་རི་ལ་སྒོམ་བསྒྲུབས་མཛད། ཏིང་འཛིན་རྩལ་རྫོགས་བླ་མ་སྤྱན་ཡང་འདྲོངས། ༼ཚོགས་དུས་སྔ་དྲོ་མི་བྱེད་ཕྱི་དྲོར་མ་བསམ་མཆོག༽ཐུན་མོང་འདུ་བ་སྣ་ཚོགས་ཚོགས་སུ་བསྒྱུར། གཤེགས་བཞུད་ཐོགས་མེད་མཁའ་ལ་བྱ་ལྟར་འཕུར། ཕུང་པོ་ལྷག་མེད་མངོན་པར་རྫོགས་སངས་རྒྱས། ༼གཞའ་ཡལ་བ་ལྟར།༽ཅེས་གསུངས་སོ།།    །།སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ཐོས་བསམ་སྒོམ་ལ་བརྩོན་པའི་གཤེན་རྒྱལ་སྲས་ཐང་པོ་ཞེས་པ་ནི། རིགས་༼རུས།༽ནི་རྒྱལ་རིགས་ཀྱི་བོན་པོ་ཡིན། ཕ་ནི་རྒྱལ་བོན་དིང་གཙུག མ་འོད་མ་དད་ལྡན་མ། དེ་གཉིས་ལ་སྲས་དེ་འཁྲུངས་པའི་དུས་སུ་བློ་རྣོ་བའི་ཆོ་ག་མང་པོ་བྱས་ཏེ། དང་པོ་གྲུབ་ཐོབ་ཀྱི་གཤེན་རྣམས་ཀྱིས་ཁྲུས་གསོལ། དེ་ནས་སྟག་དང་ཁྲི་སྙན་ས་ལེའི་ཚང་བུའི་ཁུང་དུ་བསྙལ། ག་པུར་དང་སྨན་སྣ་ཚོགས་ཀྱི་འདེ་གུས་༼ལུས་ལ་སེང་གེའི་འོ་མ་ལས་སོགས།༽བྱུགས། སྐྱེས་ནས་ལོ་དགུ་ལོན་ནས་འཇིག་རྟེན་གྱི་སྣང་བ་རྒྱབ་ཏུ་དོར། རྒྱ་གར་གྱི་མཁས་པ་བཞི་དང༌། ཞང་ཞུང་དང༌། ཨོ་རྒྱན་དང༌། ཐོ་དཀར་དང༌། བྲུ་ཤའི་མཁས་པ་བཞི་ལ་བཏུགས། དགུང་ལོ་དྲུག་ཅུ་ལོན་ནས་མཁས་པ་བརྒྱད་ཀྱི་དགོངས་པ་ལོན། བརྒྱ་དང་བཅུ་གཅིག་གི་བར་དུ་གཞའ་ཚོན་རིན་ཆེན་སྤུངས་པའི་ཚལ་དུ། སྒོམ་སྒྲུབ་ཚད་དུ་སྨིན་པར་མཛད། ཉིན་མོ་མི་ལུས་ཀྱི་མི་ལ་གདམས་ངག་འཆད། ནུབ་མོ་བྱ་རྒྱལ་ཁྱུང་དུ་སྤྲུལ་ནས་སུམ་ཅུ་རྩ་གསུམ་གནས་སུ་བོན་གྱི་འཁོར་ལོ་བསྐོར། ཅེས་སོ། །ཨི་ཐི།།    །།

(སྤྱིའི་གཟིགས་གྲངས། 379 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།