ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

      སྟོན་པའི་སྒྲོན་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །གཏོང་ཕོད་ཆེ་བ་གཤེན་ཡ་བཞུར་ཐང་པོ་ཞེས་བྱ་བ་ནི། ཨུ་རྒྱན་གྱི་ཡུལ་དམུའི་གཤེན་པོ་ཡབ་མངོན་པར་རྫོགས་པའི་གཡུང་དྲུང་དང༌། གཙུག་འགྱུར་འོད་ལྡན་པའི་བུ་མོ། གཉིས་ཀྱི་སྲས་སུ་འཁྲུངས། སྲས་དེ་ཤིན་ཏུ་ཆུང་ནས་དད་པ་ཆེ། སྐྱེས་ནས་ཨུ་རྒྱན་གྱི་མཁས་པ་ཀུན་གྱི་ཞལ་སྔ་བརྒྱུད། ཐུགས་ཀྱི་དགོངས་རྒྱུད་ཚད་དུ་སྨིན་ཏེ། ཡབ་ཡུམ་གྱི་རྒྱལ་མཆོག་གི་སྲས་མོ་མཛེས་མ་འོད་འཕྲོ་མ་ཁབ་ཏུ་བཞེས་པར་འདོད་པ་ལ། མ་བཞེད་པར་སྲས་ཀྱིས་ཚིགས་བཅད་གསུངས་པ། ཨེ་མ་འཇིག་རྟེན་སྣང་བ་མུན་པའི་སྨག་རུམ་འདྲ། །རྫས་དང་ཡོ་བྱད་སྒྱུ་མའི་རྟ་གླང་འདྲ། །བཙུན་མོ་མཛེས་མ་རྨི་ལམ་མེ་ཏོག་འདྲ། །ཕ་མ་ཡབ་ཡུམ་སྤྲེའུ་གཞའ་སྙོགས་འདྲ། །བདེར་གཤེགས་བཀའ་རྒྱུད་སྣང་གསལ་སྒྲོན་མ་འདྲ། །གྲུབ་ཐོབ་གཤེན་རྣམས་རིན་ཆེན་བང་མཛོད་འདྲ། །སྒྱུ་མའི་དཀོར་ནོར་ཆུའི་ཝུ་བ་འདྲ། །འཁྲུལ་སྣང་བོར་ནས་རིག་འཛིན་ས་རྣམས་བགྲོད། །ཅེས་གསེར་གཡུ་རིན་ཆེན་གྱི་བང་བ་དང༌། ཞིང་ཡུལ་གྱི་བགོས་སྐལ་རྣམས། རྒྱ་གར་གྱི་མཁས་པ་རྣམས་ལ་ཕུལ་ནས། ལྗོན་ཤིང་བདེ་ལྡན་ལྷ་བྱ་གསུང་སྙན་ཚལ་དུ་གཤེགས། ཐུན་མོང་དངོས་གྲུབ་བྱ་དང་རི་དྭགས་འདུ་བ་དང༌། ཉི་ཟེར་ལ་བཅིབས་ནས་ནུབ་བ་ལང་སྤྱོད་ནས་རྫས་བླངས་ཏེ་སེམས་ཅན་ལ་སྦྱིན་པ་འགྱེད་པ་བྱུང༌། ཁྱད་པར་གྱི་དངོས་གྲུབ་ནི། ནམ་མཁའི་མཐོངས་ལྟར་བདལ་ཁྱབ་ཆེན་པོར་གྲོལ་ལོ།།   །།སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་ཡུལ་ཨུ་བེར་དུར་ཁྲོད་ན། གནོད་སྦྱིན་མ་དྲང་ཁ་ཆེན་ཁྲོམ་རྒྱུ་བྱ་བ། ཆ་ལུགས་ནི་མིའི་ལུས། སེང་གེའི་མགོ་བོ་ཅན་དང༌། སྟག་དང་དོམ་དང་དྲེད་དང༌། རྟ་དམག་དང༌། འཕུར་ལྡིང་དང་འོད་ཟེར་གྱི་མགོ་ཅན་དང༌། མེ་དཔུང་གི་ཆ་བྱད་ཅན་དང༌། འཚུབས་མའི་ཆ་བྱད་ཅན་དང༌། མཚོན་ཆ་སྣ་ཚོགས་ཐོགས་པས། སེམས་ཅན་ཅི་བྱུང་ཐམས་ཅད་འཕྲལ་ལ་ཟ་བར་གྱུར་པ་ལ། གྲུབ་པ་ཐོབ་པའི་གཤེན་པོ་ལྔ་མཐུ་དང་ནུས་པ་འགྲན་པ་ལ། རྒྱ་གར་གྱི་གཤེན་པོ་ཁྲི་རྗེ་ཡོངས་རྫོགས། ཡི་དམ་ལྷའི་དངོས་གྲུབ་བརྙེས་པས། ངས་ཨུ་ཝེར་དུར་ཁྲོད་དུ་འགྲོ་བར་ནུས་སོ་ཟེར། བདེ་བ་སྙིང་པོས་དོན་ཀུན་ཐུགས་སུ་ཆུད་པས། རང་གྲོལ་ཆེན་པོར་ཤར་བས་ངས་འགྲོ་བར་ནུས་སོ་ཟེར། མན་ད་བི་ཤ་སེམས་བསྐྱེད་ཀྱི་དངོས་གྲུབ་བསྙེམས་པས། ངས་འགྲོ་བར་ནུས་སོ་ཟེར། ཐུགས་རྗེ་གཡུང་དྲུང་གྲུབ་པ་བླ་མའི་རྣལ་འབྱོར་བརྟན་པ་ཐོབ་པས་ངས་འགྲོ་བར་ནུས་སོ་ཟེར། པདྨ་འོད་ཟེར་སྟོང་པ་ཉིད་ཐུགས་སུ་ཆུད་པས། ངས་འགྲོ་བར་ནུས་སོ་ཟེར། དེར་གཤེན་ལྔ་པོ་དེ་ནུས་པ་འགྲན་ཏེ། གནོད་སྦྱིན་རྒྱུ་བའིི་ས་རུ་བྱོན་པ་ལ། རང་རང་གི་ཏིང་ངེ་འཛིན་བརྟན་པར་བྱས་ནས་བསྡད་པ་ལ། གོང་གི་གནོད་སྦྱིན་ཐམས་ཅད་ཚོགས་ནས་བཟའ་བར་བྱས་པས། ལྷ་སྒོམ་པ་ཁྲི་རྗེ་ཡོངས་རྫོགས་ལ་གཟས་པས། ཡི་དྭགས་ཐམས་ཅད་ཀྱི་སྣང་བ་ལ། མེའི་ཕུང་པོར་གྱུར་བས་གནོད་སྦྱིན་ཐམས་ཅད་གཞོབ་རོག་གི་བྲོས་ནས་བྱུང་སྐད། བདེ་བ་སྙིང་པོ་ལྷ་སྒོམ་སེམས་བསྐྱེད་བླ་མའི་རྣལ་འབྱོར་སྟོང་པ་ཉིད་ཀྱི་དོན་ཐམས་ཅད་ཀྱི་དོན་རིག་པར་རང་གྲོལ་པས་གནོད་སྦྱིན་རྣམས་ཀྱིས་གཟས་པས་ཐམས་ཅད་མེད་པར་སོང༌། སེམས་བསྐྱེད་བསྙེམས་པའི་མདྷ་བི་ཤ་ལ་གཟས་པས། ཁོ་ལ་ཟས་སྐོམ་ཤ་མར་གྱིས་སྣང་བ་ཐམས་ཅད་ཚིམ་པར་གྱུར་ཏོ། །བླ་མ་ལ་གྲུབ་པ་བརྟན་པ་ཐོབ་པ་ཐུགས་རྗེ་གཡུང་དྲུང་ལ་གཟས་པས། ཁོའི་སྣང་བ་ལ་ལྕགས་ཀྱི་སྤྱིལ་པོར་གྱུར་ནས་གླགས་མ་ཆོད། སྟོང་པ་ཉིད་ཐུགས་སུ་ཆུད་པས་པདྨ་འོད་ཟེར་ལ་གཟས་པས། ད་ལྟ་འདི་ཀ་ན་ཡོད་པ་ཡིན་ཏེ། ཅེས་སྟོང་པར་སོང་ནས་མ་ཟིན། དེས་ན་མོས་པ་ཚུད་ན་གང་གིས་ཀྱང་མི་བསླུ་སྟེ། དེ་ནས་ཐེ་ཚོམ་སྤོང་ལ་གང་མོས་ལ་འཇུག་པར་བྱའོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།