ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །དོན་བསྒོམ་ཞིང་བྱང་ཆུབ་ཀྱི་སེམས་བརྟན་པ་གཤེན་དྲན་པ་ནམ་མཁའ་ལྟ་བུ་༼རང་བྱུང་གི༽ནི། གཤེན་དྲན་པ་ནམ་མཁའ་དེའི་ཡབ་ནི། དམུ་གཤེན་དག་པར་སྐྱེས། ཡུམ་འདབ་༼བདའ༽ཟ་མཁར་ལྕམ་གྱི་སྲས་སུ་འཁྲུངས། དང་པོ་ཐོས་པས་ཤེས་རབ་ཀྱིས་རྒྱུད་བཀྲོལ་བ་ནི། རྒྱ་གར་ལས་སོགས་རིགས་ལྔའི་མཁས་བཙུན་གྱི་དགོངས་པ་བླངས་ནས་ཤེས་ཉན་གྲས་ཐག་བཅད། བསམ་བྱུང་ཤེས་པའི་བཀའ་རྒྱུད་དོན་རྣམས་ལོངས། སྒོམ་འབྱུང་ཤེས་པས་བདེར་གཤེགས་དགོངས་པ་མྱོང༌། རིག་པ་ཀློང་༼དབང་དུ་འདུས་པ།༽དུ་གྱུར་བའི་རང་གྲོལ་ཆེན་༼སྦྲུལ་མདུད་ལྟར།༽པོར་གྱུར། སྣང་བ་རང་སར་དེངས་པས་ཡེ་ཤེས་རང་ལ་རྙེད། ༼ཕན་གནོད་མེད།༽སངས་རྒྱས་རང་ལ་རྙེད་པའི་འཁོར་བ་དོགས་པ་མེད། ༼རིག་པ་ཐག་ཆོད་དུ་སོང༌།༽འགྱུ་བའི་སྲོག་རྟེན་ཆོད་པས་བདེ་ཆེན་རྒྱུན་མི་འཆད། དྲན་༼ཅི་དྲན་ཅིང༌།༽སྣང་ཉམས་སུ་འབར་བས་མཁའ་ལྟར་ཕྱོགས་རིས་༼རིས་སུ་འཛིན་མེད།༽མེད། དེ་ལྟར་དམུ་གཤེན་དྲན་པ་ནམ་མཁའ་བདག དཔེའི་དྲན་པ་ནམ་མཁའི་མཐོངས་ལྟར་གྲོལ། དོན་གྱི་དྲན་པ་རིག་པ་མཁའ་ལྟར་གྲོལ། རྟགས་ཀྱི་དྲན་པ་གསལ་སྣང་གཞའ་ལྟར་གྲོལ། རིག་པ་སྐྱེ་ཤི་མེད་པར་སུམ་སྟོང་འགྲོ་དོན་སྤྱོད། ༼ཚེ་ལ་དབང༌།༽བོན་ཆོས་མཐའ་རྣམས་གྲོལ་བས་ཕྱི་རབས་བོན་ཆོས་མེད་པར་གྲོལ། ༼གང་ཟག་གང་མོས།༽རིག་པ་དབང་དུ་འདུས་པས་ཅི་སྤྲུལ་ཐོགས་པ་མེད། ༼སེམས་ཅན་སོགས།༽སྐྱེས་བུ་སྐལ་ལྡན་༼ལས་འཕྲོ་ཅན།༽རྣམས་ལ་དྲན་པ་ནམ་མཁའ་རང་ལ་འཆར་ཞེས། ༼རིག་པ་བདར་ཤ་ཆོད།༽ཞེས་གསུངས་སོ།།   །།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ངང་ཚུལ་བཟང་བ་ཡུམ་བཟང་ཟ་རིང་བཙུན་དེ། ཕྱི་ལྟར་ན་ཡུམ་ས་ཏྲིག་ཨེར་སངས་ཀྱི་སྤྲུལ་པ་ཡིན། ནང་ལྟར་ན་ལྷ་མོ་ཐུགས་རྗེ་བྱམས་མའི་སྤྲུལ་པ་ཡིན་སྐད། དེ་འགྲོ་བ་མི་རུ་སྐྱེ་བ་བཞེས་ནས། སེམས་ཅན་ལ་དྲང་བྱ་དང་འདྲེན་བྱེད་ཀྱི་ཚུལ་དུ་སྤྲུལ་པ་བསྟན་ཏེ། རྒྱ་གར་གྱི་ཡུལ་རྡེ་བ་ཀ་ཡ་བྱ་བ་རུ། ཕ་རྒྱལ་པོ་དེ་བ་ར་ཙ་བྱ་བ་དང༌། ཡུམ་བྲམ་ཟེ་མ་ཙི་ཏྲ་ཀ་བྱ་བའི་སྲས་སུ་འཁྲུངས་ནས། འཁྲུངས་པའི་ནང་པར་ནི་གནམ་ལ་སྒྲ་འོད་གཡོ་བ་དང༌། སྔས་སུ་མེ་ཏོག་ཨུད་དུ་འབར་བ་འཁྲུངས། ལུས་ལ་བཀྲ་ཤིས་རྫས་བརྒྱད་ཀྱི་རི་མོ་རང་འབྱུང་གསལ། ཙན་དན་གྱི་དྲི་དང་ག་པུར་གྱི་དྲི་བྲོ་བ། གཞན་ཡང་ལས་ཀྱི་ཕྱག་རྒྱའི་མཚན་རྟགས་ལུས་ལ་ཚང་བ་ཞིག་འཁྲུངས། དགུང་ལོ་བདུན་ལོན་ནས་སྐྱེ་ཤིའི་འཇིགས་པའི་དད་པ་ཁྱད་པར་ཅན་རྒྱུད་ལས་སྐྱེས། བདུད་རྩི་ཐུགས་ཀྱི་ཉི་ཟེར་ཚལ་དུ་གཤེན་དོན་ཡོད་བདེ་བ་གནམ་གསས་ལ་དབང་གི་རིམ་པ་མ་ལུས་བསྒྲོད། ཁྱད་པར་རིག་པ་རྩལ་གྱི་དབང་བསྒྲོད་དེ། བཀའ་རྒྱུད་སྣ་ཚོགས་ཀྱི་དོན་ཐུགས་སུ་ཆུད། དགུང་ལོ་ངོ་དགུ་བཞེངས་ནས་ཡུམ་ལ་ཞུས་པ། ཀྱེ་ལུས་སེམས་བསྐྱེད་པའི་ཡུམ་ལགས། ཚེ་སྔ་མ་ལ་བསོད་ནམས་བསགས་པ། བདག་ནི་རིགས་བཟང་ཁུངས་བཙུན་རྒྱལ་རིགས་དྲ་མའི་རིགས། ལས་ཀྱི་འཕྲོ་བཟང་གཤེན་རབ་ཀྱི་གདུང་རྒྱུད་འཛིན། ལས་བཟང་འཕྲོ་སད་བདེར་གཤེགས་དགོངས་པ་གསལ། ཕྱག་རྒྱ་ཆེན་པོའི་ས་ལ་རེག་ཏུ་འཆི་གསུངས་ནས། འཇིག་རྟེན་གྱི་སྣང་བ་མཆིལ་མའི་ཐལ་བ་བཞིན་བསྐྱུར་ནས། ༼ཆགས་མེད་པར།༽རྒྱ་གར་དྲི་བསུང་ངད་ལྡན་སྤོས་རི་ལྷུན་པོ་ཚལ་ན། དགོངས་པ་ལ་མཉམ་པར་བཞག་ནས་ཡོད་པ་ལ། ༼ཞེས་བྱ་བའི་ཏིང་ངེ་འཛིན་ཁྱད་པར་ཅན།༽གནོད་སྦྱིན་དྲེགས་པ་ཅན་ཀུན་ཏུ་རྒྱུག་ཐོགས་མེད་བྱ་བས། ༼རྩལ་ཕྱོགས་དེའི།༽བར་ཆད་ལ་འོངས་བས། ཡུམ་དེ་ཉིད་བོན་གྱི་སྣང་གསལ་གྱི་གཞལ་ཡས་ཁང་ཆེན་པོར་གྱུར་ནས། ཤིན་ཏུ་སྤྲོ་བ་སྐྱེས་ནས་འདུན་པ་བྱས་ནས་བསྟོད་པ། ༼གནོད་སྦྱིན།༽ཀྱེ་ཡུམ་གཅིག་ལུས་བཟང་གཞལ་ཡས་ཆེན་པོའི་སྐུ། །༼གནོད་སྦྱིན་གྱི་བསྟོད་པ།༽སངས་རྒྱས་རྒྱུད་ལྡན་བདེ་གཤེགས་རིགས་རྒྱུད་འཛིན། །ནམ་མཁའ་རྒྱ་མཚོའི་ངང་ལྟར་གཡོ་བ་མེད། །༼ངང་ཚུལ་བཟང༌།༽གནོད་སྦྱིན་སྡེ་དཔོན་ཀུན་ཀྱི་བཀུར་གནས་པ། །༼ངེད་ཅག་ཆེན་པོ།༽བཟང་ཟ་རིང་བཙུན་སྐུ་ལ་འདུད་པར་བགྱིད། །ཞེས་བསྟོད་ནས། ༼གནོད་སྦྱིན་གྱི་བསྟོད་པ་བཏང༌།༽ཕྱག་བསྐོར་བྱས་ནས་ནང་དྲོ་ནུབ་དགོང་འདྲེན་ཞིང་སྡོང་གྲོགས་བྱེད། མཚན་ཡང་གནོད་སྦྱིན་གྱིས་གསོལ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།