ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

      སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །བྱ་བ་རྣམ་གསུམ་བཏང་བའི་༼ལུས་ངག་ཡིད་གསུམ།༽་གཤེན་གསང་བ་དོན་ལྡན་ཞེས་བྱ་བ་ནས་བྲུ་ཤའི་ཡུལ་བྷ་སུ་ཀ་བྱ་བ་ན། ཕ་ཤན་པ་ནག་པོ་ཞེས་བྱ་བ་ཤིན་ཏུ་གདུག་རྩུབ་ཆེ་བ། སྲོག་ཆགས་སྣ་ཚོགས་བསད་ཅིང་ཟ། ཤིན་ཏུ་མི་སྡུག་པས་རྐུ་འཕྲོག་དང་བརྡེག་བཙོག་བྱེད་པ། ལོག་ལྟ་སྣ་ཚོགས་ཀྱི་ཁ་འཐུ་བ་ཞིག་ལ། རིགས་ངན་གྱི་བུ་མོ་གོང་ཁྲ་མ་ཁབ་ཏུ་བླངས་པས། གཤེན་གསས་ཉིད་ཀྱི་ཐུགས་རྗེ་ཡིས། རིགས་ངན་བཟའ་ཚོའི་སྡུག་བསྔལ་རིགས་ངན་གྱི་གྲོང་ཁྱེར་སྤེལ་བར་ཁུམས་ནས། ཐར་པའི་སྐྲས་ལམ་གཟུག་པའི་ཕྱིར་དུ་སྤྲུལ་པའི་སྲས་ཤིག་སྲིད་པ་ནི། རིགས་ངན་ལ་ངོ་མཚར་དང་ལྡན་པའི་སྲས་ཤིག་འཁྲུངས། ཤ་ལུས་དཀར་ལ་ཚིགས་མིག་ཟླུམ་པ། མགོ་དང་ཡན་ལག་སྙོམས་ལ་མདངས་དང་ལྡན་པ། ལུས་ལ་གཡུང་དྲུང་གི་རྟགས་གསལ་བ་ཞིག་འཁྲུངས་སོ། །ཕ་མ་གཉིས་ཀྱིས་ཤིན་ཏུ་དགའ་ནས་གསང་ངོ༌། །སྐྱེས་ནས་ཕ་ཡིས་བསད་པའི་ཤ་ཁྲག་དྲངས་པས་གསོལ་དུ་མ་བཞེད་པར། ༼ཡུལ་དེ་ན།༽དཀར་གསུམ་དང་འབྲུ་ཟས་ཁམས་ཀྱི་ཟ། ཕ་ཡིས་ལས་སྐལ་རྔོན་ལ་བཏང་བས་མ་ཉན་ཕྱོད་ཀྱིས་བྲོས་ཏེ་སོང༌། ཟླ་བ་ལྔའི་རྒྱ་གར་ཡུལ་དུ་ཕྱིན། མེ་ཏོག་ཡིད་དགའ་གཞའ་ཚོན་ཚལ་༼རྒྱ་གར་གྲུབ་ཐོབ་ཀྱི་ཡུལ།༽དུ། གཤེན་ཁྲོ་གསས་པད་མ་བྱ་བ་ལ། གདམས་ངག་ཞུས་པས། གཤེན་དེའི་ཞལ་ནས། ང་ནི་རིག་པ་གཅིག་རྫོགས་ཉམས་སུ་ལེན་པའི་གཤེན་གསས་ཡིན། ཁྱོད་ཀྱིས་སེམས་ཅན་ལ་ཕན་ཐོགས་པའི་གཤེན་རབ་གཅིག་འོང་པར་འདུག་པས། འོད་འཕྲོ་སེང་གེ་འབར་བའི་ཚལ་དུ། གཤེན་བདེ་བ་སྙིང་པོ་ཤིན་ཏུ་གྲུབ་པ་བསྙེམས་ཤིང་མཁས་བཙུན་ལྡན་པས། བློ་སྦྱང་དེར་སློབས་ཤིག ཞང་ཞུང་སྟོང་རྒྱུང་མཐུ་ཆེན་བདུད་རྩི་ཐུགས་ཀྱི་ཉི་ཟེར་ཚལ་ན་ཡོད་པས། འགལ་བྱེད་ཆམ་ལ་འབེབས་པའི་མཐུ་དང་ནུས་པ་ཞུས་༼རིག་བྱེད་ཀྱི་ནུས་པ།༽་ཤིག་གསུངས་སོ། །དེར་ཁྲོ་གསས་པད་མས་དབང་རྣམས་རྫོགས་པར་བསྐུར། ༼གཤེན་གསང་བ།༽གཤེན་རབ་གཉིས་ལ་ཐོས་བསམ་རྫོགས་པར་མཛད། ༼བདེ་བ་སྙིང་པོ་སྟོང་རྒྱུང༌།༽ལྗོན་ཤིང་བདེ་ལྡན་ལྷ་བྱ་གསུང་སྙན་ཚལ་དུ་སྒོམ་འབྱུང་གི་དཀའ་ཐུབ་མཛད། ༼ལོ་དགུ་མཛད།༽རིག་པ་གཅིག་རྫོགས་སུ་སོང་ནས་ཕ་མ་༼དྲིན་ཅན་གཉིས།༽འདྲེན་དུ་བྱོན། ལོ་ཉི་ཤུ་རྩ་བདུན་ལོན་ནས་ཕ་མ་གཉིས་དང་འཕྲད། ཕ་མ་ཡུལ་མི་རྣམས་ཀྱིས་སྨྱོ་སངས་རང་ཡུལ་དུ་ལོག་ཅེས་སྒྲོག ༼སངས་ཀྱི་བཤད་ཀྱང་དེ་བཤད་ནས་བྱུང༌།༽མདའ་གཞུ་རྔོན་གྱི་ལག་ཆ་༼ཤག་གི༽ལག་ཏུ་གཏད། ༼སེམས་ལ་དྲེགས་པ།༽ཁོང་ཉིད་སྙིང་རྗེ་སྐྱེས་ནས་སྤྱན་ཆབ་ཆུ་བཞིན་འབྲུག་གོ །གཏད་པའི་མདའ་གཞུ་ཕྱག་ཏུ་བླངས་ནས། ༼གཉེན་འདུན་དང་ཕ་མ་ལ།༽ཚིག་བཤད་འདི་སྐད་གསུངས། རིགས་ངན་སྟེང་དུ་ལས་ངན་བསགས་པའི་ཕ་མ་ལུས་ཀྱི་སྒྲོམ་བུ་དང༌། །སྒྱུ་མ་རྟག་ཏུ་རེ་བའི་གཉེན་འདུན་གྲོགས་པོ་དག །ཚེ་འདི་མི་སྡོད་རི་གཟར་ཆུ་དང་འདྲ། །ལས་ངན་གདོང་བསྒུགས་སོ་བྱ་ཉ་སྡོད་འདྲ། །འཇིག་རྟེན་ལས་སྤྱོད་སྤྲེའུ་དུག་ཟན་འདྲ། །ཕ་མ་ངན་པ་བྱེའུ་ཁྲས་སྙོག་འདྲ། །ང་ཡི་ལག་ཏུ་མདའ་དང་གཞུ་གཏད་འདི། །མདའ་ནི་ཡེ་ཤེས་ཐབས་ཀྱི་མདའ། །གཞུ་ནི་ཤེས་རབ་དབྱིངས་ཀྱི་གཞུ། །ཁྱི་འདི་རིག་པ་སྲས་ཀྱི་ཁྱི། །འཕེན་པར་འགྱུར་མེད་དབྱིངས་སུ་འཕེན། །འགྱུར་བ་སྐུ་གསུང་ཐུགས་སུ་འགྱུར། །ཞེས་གསུངས་ནས་ནམ་མཁའ་ལ་འཕངས་པས། གཞའ་ཚོན་གྱི་འོད་དུ་འཕྲོས་ནས་སོང་ངོ༌། །དེར་ཡབ་ཡུམ་ལས་སོགས་པ་རྣམས་ཀྱང་ཤིན་ཏུ་གུས་པའི་སེམས་ཐར་པའི་དོན་ལ་ཚུད་དོ། །ཕྱི་མ་ཀུན་གྱིས་ཀྱང་གཤེན་འདི་ཉིད་དང་པོ་གསང་རིན་ཆོག་པ་དོན་དང་ལྡན་པ་ཞིག་འདུག་གོ་ཞེས། མཚན་ཡང་གསང་བ་དོན་ལྡན་དུ་བཏགས་སོ། །ཨི་ཐི།།  །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།