ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

དཀྱིལ་ན། སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་དགོངས་སུ་གསོལ། བདེ་བདལ་ཡོངས་སུ་བཀོད་པའི་ཀློང་དཀྱིལ་ན། ཞི་བའི་ལྷ་ཚོགས་མ་ལུས་དགོངས་སུ་གསོལ། འདུལ་དཀའ་ཀུན་འདུལ་དྲག་པོའི་གཞལ་ཡས་ན། ཁྲོ་བོའི་ལྷ་ཚོགས་ཡབ་ཡུམ་དགོངས་སུ་གསོལ། འདས་དང་མ་བྱོན་ད་ལྟར་གྱི། དཔོན་གསས་མཆེད་དང་ལྕམ་དྲལ་དགོངས་སུ་གསོལ། ཞུ་བ་འབུལ་བར་གསོལ་བ་ནི། བདག་འདྲ་དང་པོ་བསྐལ་པ་ཐོག་མ་མེད་པ་ནས། །མི་དགེ་བ་བཅུ་ལ་སྤྱད་པའི་དབང་གིས། །གནས་ངན་བརྒྱུད་ཅིང་མ་རིག་མུན་པ་འཐིབས། །འགྲོ་བ་རིས་དྲུག་ལས་སོགས་ཁམས་གསུམ་གནས་སུ་འཁོར། །ལས་ངན་མཐའ་ཟད་མི་ལུས་རིན་ཆེན་ཐོབ། །མི་ལུས་ཐོབ་ཀྱང་བདག་འཛིན་ལས་མ་སྤངས། །ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་སུ་ཉེ། །མི་ལུས་རིན་ཆེན་ཐོབ་པའི་དུས་འདི་རུ། །ཐུགས་རྗེ་ཅན་གྱིས་མགོན་སྐྱབས་མཛད་དུ་གསོལ། །མ་རིག་མུན་དོང་ནང་ནས་དྲང་དུ་གསོལ། །བཤགས་ཤིང་སྦྱངས་པར་གསོལ་བ་ནི། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང༌། མ་བྱིན་བླངས་པ་དང༌། འདོད་པ་ལོག་པར་གཡེམ་པ་དང༌། ངག་གི་སྒོ་ནས་རྫུན་དང༌། ངན་སྨྲས་དང༌། ངག་འཁྱལ་དང༌། ཚིག་རྩུབ་དང༌། སེམས་ཀྱི་སྒོ་ནས་མངན་སེམས་དང༌། ལོག་སེམས་དང༌། འཁྲུལ་སེམས་དང༌། གཡོ་ཟོག་ཁྲམ་ལས་སོགས་པ། མཐོལ་ལོ་བཤགས་སོ། །ཐེག་པ་རིམ་པ་དགུ་རྣམས་ཀྱི་སྒོ་རུ་ཞུགས་ནས། ཐེག་པ་རང་རང་གི་དོན་དང༌། མ་འབྱོར་བ་མཐོལ་ལོ་བཤགས་སོ། །ཐེག་པ་ཆེན་པོའི་སྒོ་རུ་ཞུགས་ནས། སེམས་བསྐྱེད་སྨོན་འཇུག་གཉིས་ཀྱི་ཐབས་ཀྱིས་མ་ཟིན་པ་མཐོལ་ལོ་བཤགས་སོ། །གསང་སྔགས་ཀྱི་སྒོར་ཞུགས་ནས། ལྷ་དང་སྔགས་དང་འཛབ་དང་བསྐྱེད་རྫོགས་གཞུང་དུ་མ་བསྲངས་པ་མཐོལ་ལོ་བཤགས་སོ། །རྫོགས་པ་ཆེན་པོ་དབྱར་གྱིས་བླངས་ནས། རིག་པ་རང་གྲོལ་ཀློང་དུ་མ་གྱུར་པ་མཐོལ་ལོ་བཤགས་སོ། །སྨོན་ལམ་དུ་གསོལ་བ་ནི། བདག་གི་ཐ་མལ་གྱི་ལས་སྤངས་ནས། བོན་གཡུང་དྲུང་རིན་པོ་ཆེ་ལ་ལོངས་སྤྱད་པས། གླིང་གི་མཆོག་ཏུ་གྱུར་པ་ལྷོ་འཛམ་བུ་གླིང་དུ་སྐྱེ་བར་གྱུར་ཅིག བསྟན་པའི་མཆོག་ཏུ་གྱུར་པ་བོན་གཡུང་དྲུང་རིན་པོ་ཆེ་ལ་ལོངས་སྤྱོད་པར་གྱུར་ཅིག བླ་མའི་མཆོག་ཏུ་གྱུར་པ་དགོངས་ཉམས་ཅན་དང་འཕྲད་པར་གྱུར་ཅིག བསྒོམ་པའི་མཆོག་ཏུ་གྱུར་པ་མི་ཡེངས་རྩེ་གཅིག་གི་དོན་ལ་གནས་པར་གྱུར་ཅིག སྤྱོད་པའི་མཆོག་ཏུ་གྱུར་པ་འཁྲུལ་མེད་ཀྱི་དོན་ལ་གནས་པར་གྱུར་ཅིག འབྲས་བུའི་མཆོག་ཏུ་གྱུར་པ་སངས་རྒྱས་རང་ལ་རྙེད་པར་གྱུར་ཅིག ས་ལམ་གྱི་མཆོག་ཏུ་གྱུར་པ་གཅིག་ཆོད་དོན་གྱི་ས་ལ་གནས་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་མི་ལུས་བར་ཆད་མེད་པ་ཐོབ་པར་གྱུར་ཅིག སྐྱེས་མ་ཐག་ཏུ་སྟོབས་དང་ལྡན་པའི་རིགས་རྒྱུད་དུ་སྐྱེ་བར་གྱུར་ཅིག རྒྱུན་ཆད་མེད་པའི་དད་པ་དང་ལྡན་པར་གྱུར་ཅིག ངལ་དུབ་མེད་པའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག ཉམས་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག ཁོང་ཁྲོ་མེད་པའི་བཟོད་པ་དང་ལྡན་པར་གྱུར་ཅིག གཡོ་བ་མེད་པའི་བསམ་གཏན་དང་ལྡན་པར་གྱུར་ཅིག ཞེན་ཆགས་མེད་པའི་སྦྱིན་པ་དང་ལྡན་པར་གྱུར་ཅིག འཁྲུལ་པ་མེད་པའི་ཤེས་རབ་དང་ལྡན་པར་གྱུར་ཅིག མི་བརྗེད་པའི་ཤེས་རབ་ཆིག་རྫོགས་སུ་གྲོལ་བར་གྱུར་ཅིག གཡོ་སྒྱུ་མེད་པ་ཁྱེའུ་གསལ་བའི་མདོག་ཅན་ལྟ་བུ་ཐོབ་པར་གྱུར་ཅིག ངང་ཚུལ་བཟང་བ་ཡུམ་བཟང་ཟ་རིང་བཙུན་ལྟ་བུ་ཐོབ་པར་གྱུར་ཅིག དབང་རིམ་པར་ཐོབ་པ་རྒྱལ་པོ་བཀའ་རྟགས་ཀྱི་ཕྱག་རྒྱ་ལྟ་བུ་ཐོབ་པར་གྱུར་ཅིག དམ་ཚིག་ཚུལ་བཞིན་དུ་བསྲུང་བ་སོ་མཚམས་ཀྱི་མཁར་དཔེ་ལྟ་བུ་དང་ལྡན་པར་གྱུར་ཅིག གཏོང་ཕོད་ཆེ་བ་གཤེན་ཡ་ཞུར་ཐང་པོ་ལྟ་བུ་ཐོབ་པར་གྱུར་ཅིག གསང་སྔགས་ཀྱི་བོན་ལ་མོས་པ་བུ་གཅིག་མ་ལྟ་བུར་གྱུར་ཅིག སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་གཤེན་རབ་མཆེད་གསུམ་ལྟ་བུར་གྱུར་ཅིག བྱ་བ་རྣམ་གསུམ་བཏང་བ་གཤེན་གསང་བ་དོན་ལྡན་ལྟ་བུར་གྱུར་ཅིག བླ་མ་ལ་མོས་གུས་ཚུད་པ་གཅོ་ཟ་བོན་མོ་ལྟ་བུར་གྱུར་ཅིག ཐོས་བསམ་བསྒོམ་ལ་བརྩོན་པ་གཤེན་རྒྱལ་སྲས་ཐང་པོ་ལྟ་བུར་གྱུར་ཅིག དོན་བསྒོམ་ཞིང་བྱང་ཆུབ་ཀྱི་སེམས་བརྟན་པ་གཤེན་དྲན་པ་ནམ་མཁའ་ལྟ་བུར་གྱུར་ཅིག འདོད་པ་ཆུང་ལ་ཀུན་དང་མཐུན་པ་རྒྱལ་གཤེན་འཆིང་རུམ་ལྟ་བུར་གྱུར་ཅིག ད་ལྟ་དམན་པའི་ཆ་བཟུང་ཞིང་དོན་བསྒོམ་པའི་ཡོན་ཏན་གྱིས་ཡབ་མེས་ཀྱི་གདུང་རྒྱུད་བཟང་པོ་ཐོབ་པར་གྱུར་ཅིག ཐོས་བསམ་བསྒོམ་གསུམ་ལ་བསླབས་པའི་མཐུས་སྡེ་སྣོད་ལ་མངའ་བརྙེས་ཤིང་དགོངས་པ་ཉམས་དང་ལྡན་པར་གྱུར་ཅིག དོན་ལ་ནང་དུ་བསྒོམ་པའི་མཐུས་བོན་རྣམས་ཀྱི་སྙིང་པོ་རྩོལ་བྲལ་རང་གྲོལ་ཐུགས་སུ་ཆུད་པར་གྱུར་ཅིག སྣག་ཙ་དང་སྙུ་གུ་དང་ཁབ་དང་གྲི་གུ་དང་ཤོག་གུ་ཕུལ་བའི་མཐུས་མི་འབྱེད་པའི་ཤེས་རབ་ཀྱི་དོན་གཅིག་རྫོགས་སུ་སྐྱེ་བར་གྱུར་ཅིག ད་ལྟ་ཅི་བྱེད་སེམས་ཅན་གྱི་དོན་དུ་བསམ་པའི་མཐུས་འགྲོ་བ་ཐམས་ཅད་མོས་ཤིང་འདུན་པར་གྱུར་ཅིག འབྲུ་ཡི་ཕུང་པོ་ཕུལ་བའི་བསོད་ནམས་ཀྱིས་རྒྱལ་སྲིད་རིན་པོ་ཆེ་ལ་མངའ་བསྙེམས་པར་གྱུར་ཅིག བོན་གྱི་འཁོར་ལོ་བསྐོར་བའི་ཡོན་ཏན་གྱིས་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རུ་གྱུར་ནས་བོན་རིན་པོ་ཆེ་ལ་མངའ་བསྙེམས་པར་གྱུར་ཅིག འགྲོ་བ་མི་བདེ་བ་བསྡུམས་པའི་ཡོན་ཏན་གྱིས། གཡོག་འཁོར་རྒྱས་ཤིང་འཕེལ་བར་གྱུར་ཅིག སྨན་སྣ་ཚོགས་ཕུལ་བའི་མཐུས་ཁ་དོག་གཙང་ཞིང་ནད་མེད་པར་གྱུར་ཅིག བཞོན་པ་ཕུལ་བའི་ཡོན་ཏན་གྱིས་རྫུ་འཕྲུལ་གྱི་རྐང་པས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག དར་ཟབ་ཕུལ་བའི་ཡོན་ཏན་གྱིས། ཀུན་གྱི་ཡིད་དུ་འོང་ཞིང་མཛེས་དགུའི་མདངས་དང་ལྡན་པར་གྱུར་ཅིག ཁྱད་པར་དོན་བསྒོམས་པའི་མཐུས་དོན་རྟགས་མངོན་ཤེས་དྲུག་དང་ལྡན་པས་ཕྱིར་མི་ལྡོག་པའི་འབྲས་བུ་ཆེན་པོ་ཐོབ་པར་གྱུར་ཅིག ཅེས་འབད་པ་འབྲས་བུ་ཆུད་མི་ཟ་བར་བྱ་བ་མཇུག་བསྡུད་བསྔོ་བའི་གཟེར་བུ་རྫོགས་སོ།། །།

                                         ༼༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ཁྱུང་ཁྲི་ལྡེས་མཐུན་སྦྱོར་ཞུས།༽

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།