ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

        སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་ཡུལ་རྩུབ་འགྱུར་ཚལ་ན། དྲང་སྲོང་དགེ་སྡེ་ཞི་བ་སྐྱོང་བྱ་བ་ཞིག་ལ། ཤིན་ཏུ་མཁྱེན་ལྡན་རབ་བྱུང་རྨ་མེད་ཅིག་བཞུགས་པ་ལ། བྲམ་ཟེ་མི་གཙུག་བཞིན་ངན་བྱ་བ་ཞིག་ཉེ་གནས་སུ་ཡོད་པ་ལ། ཁོང་གི་བཀའ་རྒྱུད་དོན་དང་བླ་མའི་གདམས་ངག་བསྒོམ། ཁོས་ནི་བླ་མའི་རྫས་ལ་ཚོད་ཡོད་རྔམ་ཟོས་བྱས། ལན་ཅིག་གྲོང་ཁྱེར་དེ་རུ་ཚོགས་སོགས་ཆེན་པོ་ཞིག་བྱུང༌། ཁྱེའུ་ཁོ་ནི་ཆས་བརྡར་བྱས་ནས་ལ་མོར་འགྲོ་བར་བྱས། དྲང་སྲོང་དོན་ལྡན་དེ་ལས་དགེ་སྦྱོར་འཕྲོ་མ་ཚར། ལ་མོར་འདོང་ཅེས་སྒྲོག་ཅིང་སྡང་མིག་ཟློག ངང་གི་མ་ཐུབ་སྒོ་བསྡམས་ངག་འཁྱལ་བརྗོད། ཁྱིམ་ཆུང་དེ་ནས་ཚེ་གཅིག་མ་ཕྱུང་ཞིག ཟེར་ནས་ཁོ་རང་ཕྱི་རུ་ཁྲོམ་གསེབ་སོང༌། དམ་ཉམས་རྣམ་སྨིན་ཚེ་ཡི་འདུ་བྱེད་བྱས། རིགས་ངན་སྨད་འཚོང་མ་ཡི་མངལ་དུ་ཆགས། འབྱུང་བའི་དུས་མཐའ་མེད་པར་དྲུག་ཅུར་ཁྱིམ་དུ་ཡིབ། ཕྱི་རུ་ཐོན་པས་རྒད་པོ་དྲུག་ཅུ་པ། རྒྱབ་ཏུ་བྱུར་གྱི་སྦ་བ་གྲོད་པ་ཙམ། ཁོག་པ་དམུ་ཆུ་སྐྲན་གྱིས་ཁེངས། མིང་ནི་ཕུག་བདག་རྒན་ལ་སྐྱེས། ལས་ངན་བསགས་པས་རང་ལ་སྨིན། རྣམ་སྨིན་དེ་ལས་གྲོལ་འདོད་ན། མཆེད་དང་ལྕམ་དྲལ་སློབ་དཔོན་དང༌། ལས་དང་སྨོན་ལམ་བསྡུས་པའི་གྲོགས། ཚོད་ཡོད་རྔམ་ཚོད་སྤྱད་པ་དང༌། བག་མེད་སྲི་ཞུ་ཆུང་བ་དང༌། ཡ་ཁ་སྒྲོས་དང་སྐུར་བ་དང༌། རྫས་དང་ཡོ་བྱད་སྔོས་འགྱུར་དང༌། འབུལ་ལོག་དམིགས་པ་ལོག་པ་དང༌། སྔར་ཕུལ་འགྱོད་ཅིང་ཐུགས་བཀོལ་བ། རྣམ་སྨིན་བྲམ་ཟེ་བཞིན་ངན་བཞིན། ནད་ཀྱིས་གདུང་དང་བསམ་མི་འགྲུབ། དགྲ་སྣ་འཇུག་ཅིང་འབྲུ་མི་སྨིན། འཕོས་ནས་མེ་ངམ་སྣམ་བུར་ཚ་བར་སྐྱེས། དེ་ནས་དགེ་བ་བརྟག་ཅིང་སྤེལ། ཞེས་སོ།།   །།སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །གཡོ་སྒྱུ་མེད་པ་ཁྱེའུ་གསལ་བའི་མདོག་ཅན་ཞེས་བྱ་བ་ནི། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་པད་མ་ནགས་ཀྱི་གླིང་བྱ་བ་ན། གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ལས། ལོ་རེ་ལ་རྫིང་ཁར་མིའི་ཡས་སྟག་རེ་གཏོང་ངོ༌། །དེ་མ་བཏང་ན་བདུད་ཐོག་རུམ་མང་སྐྱེས་བྱ་བས་རྫིང་བསྡམས་ནས་མི་ལ་མི་གཏོང༌། མི་རྣམས་མུ་གེས་གདུང་ནས་འཆི། མཐུ་དང་ནུས་པ་ཡོད་པ་རྣམས་ཀྱིས་བཏུལ་བས་ཀྱང༌། སླར་ལ་མི་བདེ་བ་སྣ་ཚོགས་བྱུང༌། བཤེས་གཉེན་ཐོས་པའི་ཤེས་རབ་རྣམས་ཀྱིས་མཆོད་པས་ཀྱང༌། མི་བདེ་བ་སྣ་ཚོགས་བྱུང་ནས་ནོར་དང་རྫས་ཀྱིས་བསླུས་པ་དང༌། མ་ཕན་ཐམས་ཅད་ཤིན་ཏུ་སྡུག་ཅིང་བསྔལ་བ་ལས། སྲིད་པ་སངས་པོ་འབུམ་ཁྲིའི་སྤྲུལ་པ། གཤེན་རབ་རིག་པ་གསས་ཀྱི་རྒྱལ་པོ་བྱ་བ་དེ། ཨུ་རྒྱན་གྱི་ཡུལ་ཆུ་མིག་དགུ་སྒྲིལ་གྱི་རི་ལ་བསྒོམས་པས། ཚེ་ལ་མངའ་བསྙེམས་ཏེ། ཚེ་ལོ་སུམ་རྒྱ་དང་བཅུ་དགུ་བཞེས། རྫུ་འཕྲུལ་སྟོབས་ཀྱིས་བར་སྣང་མཁའ་ལ་བྱ་བཞིན་རྒྱུ། ཕ་རོལ་གྱི་སྟོབས་འཇོམས་འཕོ་བ་དང་གྲོང་འཇུག་ནུས། དེ་ལྟ་བུའི་གཤེན་རབ་དེས། སྙིང་རྗེ་ཁྱད་པར་ཅན་སྐྱེས་ནས། ཕ་བ་ཐེ་སེ་དང་མ་མ་ཙ་རི་མ་བྱ་བའི་སྲས་སུ་འཁྲུངས་ནས་ཡོད་པ་ལ། ཕ་མ་དེ་གཉིས་ཀྱིས། བུ་ཡི་བཞིན་ལ་བལྟས་པས། ལྷ་བུ་བཞིན་དུ་མཛེས་ལ་གསལ། ཤིན་ཏུ་ཡིད་ཀྱི་གདུང་སེམས་ཀྱིས། ངའི་བུ་ལ་བདུད་ཀྱི་ཟ་རེས་མ་བཏང་ཞིག་ཟེར། ཤིན་ཏུ་འཚེར་ཅིང་མི་རྣམས་སྨོན་ལམ་འདེབས་པ་ལ། ཟླ་བ་ངོ་བདུན་ལོན་ནས་བུ་ལ་བདུད་ཀྱི་ཟ་རེས་བབ། བསྡད་པའི་དབང་མེད་རྫིང་ཁར་ཡས་སྟག་གཏོང་དུ་ཆས། རྫིང་ཁར་ལྷ་འདྲེ་བོས་ནས་བུ་ཆུང་གཏོང་བ་ལ། རྒད་པོ་འཕང་སེམས་སྐྱེས་ནས་ཁྲོམ་ལ་སྨྲས་པའི་མདོ། ང་ཡི་བུ་ཆུང་ཡིད་འོང་གསལ་བ་འདི། ཟླ་བ་བདུན་ན་གྲི་མཚོན་ག་ན་ཕོད། དོ་ནུབ་ཚང་བུའི་ཁུད་དུ་རྫིང་ཁ་འདིར་སྙོལ། བདུད་ལ་སྙིང་རྗེ་སྐྱེས་ཏེ་རྫིང་འདི་གནང་ཡང་སྲིད། སྙིང་སྡུག་བུས་ཀྱང་རྫིང་འདི་གནང་བ་ཡང་སྲིད། དེ་སྐད་གླེང་བས་ཕ་ཡིས་གྲོས་ལ་བསྡུས། རྫིང་བུ་མ་བཏང་བུ་ཆུང་མ་བསད་ན། བུ་ཆུང་སྔོན་ལ་ཡས་སུ་བཏང་བར་བྱས། ཡུལ་དུ་ཁ་བལྟས་སྙིང་རྗེ་རྣམས་ནི་སྨོན་ལམ་འདེབས། མི་སྡུག་རྣམས་ནི་འོ་དོད་ཁྱེར་ཅིག་བསྒྲོགས། ཕ་མ་གཉིས་ནི་སྲིན་བུ་བྱེ་འདྲེས་འདྲ། ནང་པར་ནམ་ལངས་ནས་བལྟས་པས་རྫིང་ཆབ་ལུང་དུ་འབྲུག ཕ་མ་བརྒྱུགས་ནས་རྫིང་གི་ཁ་རུ་ཕྱིན། བུ་ལ་ཤི་བསད་ཟོས་པའི་མིང་ཡང་མེད། དགའ་ཡིན་རྒོད་གིན་སྤྲུལ་པའི་བུས་སྨྲས་པ། ཨེ་མ་འགྲོ་བའི་དོན་མཐོང་རྫིང་གི་ཡས་སུ་སྤྲུལ། །ཐུགས་རྗེ་སྟོབས་ཀྱིས་བདུད་ཀྱི་ཉོན་མོངས་བཏུལ། །སྙིང་རྗེའི་སྟོབས་ཀྱིས་འགྲོ་བའི་སྡུག་བསྔལ་བསྒྲལ། །གཡོ་སྒྱུ་མེད་པར་ཁྱེའུ་གསལ་བའི་མདོག་ཅན་བདག །སྲིད་པ་བདེ་ལ་བཀོད་པ་སངས་པོ་སྤྲུལ་པའི་བུ། །སྐྱེ་འགྲོ་བོན་ལ་མོས་བྱས་ཐུགས་རྗེ་རྒྱུན་མི་འཆད། །ལས་ཅན་འདི་སྒོར་ཞུགས་ན་དབང་གི་ཆུ་རྐ་ཕེབས། །ཞེས་གསུངས་ནས་ནམ་མཁའ་ལ་གཞའ་ཡལ་བ་བཞིན་དུ་གཤེགས་སོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།