ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་དྲི་མེད་གཟི་བརྗིད་པོད་གཉིས་པའི་མཚམས་སྦྱོར།

རྩོམ་པ་པོ་ཁྱུང་གཤོག

གཤེན་གྱི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལེའུ་དྲུག་ཅུའི་བདག་ཉིད་ལས་པོད་གྲངས་གཉིས་པའི་ནང་འདིར་ལེའུ་ལྔ་ནས་དགུ་བར་ཡོད་པ་དང་། གཤེན་རབ་དགུང་གྲངས་གཅིག་ནས་གསུམ་བར་གྱི་མཛད་རྣམ་ཞིབ་རྒྱས་གསལ་བས་རིམ་བཞིན་གཟིགས་པར་ཞུ།

དེ་ཡང་ལེའུ་ལྔ་པ་<<རྒྱལ་བུ་གཞོན་ནུ་རོལ་རྩེད་ཀྱི་མདོ་>>ཞེས་པའི་ནང་དུ། གཤེན་རབ་སྐྱེ་བ་བཞེས་ནས། རྒྱལ་བུ་རྒྱལ་སར་མ་ཕྱུང་བར། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་མེ་ཏོག་གླིང་ལ་གཞོན་ནུ་རོལ་རྩེད་མཛད་པའི་སྐོར་ཡོད། སྐབས་དེར་སྤྲེལ་གྱི་རྒྱལ་པོ་ཧ་ནུ་མ་དྷ་དང་སྤྲེལ་གྱི་སྡེ་རྣམ་ལ་བོན་བསྟན་ཅིང་ཁྲུས་གསོལ་མཛད་པའི་སྐོར་དང། མེ་ཏོག་གླིང་ལ་སྐུ་བདེ་ཞིང་མཉེས་པར་བཞུགས་སྐབས། བདུད་ཀྱི་བུ་ཡི་ཆོ་འཕྲུལ་གྱིས་རླུང་འཚུབས་དང་བུ་ཡུག ཐོག་སེར་ཛོ་དབལ་གྱི་ཆར་དང་། བསྐལ་པའི་ཐོག་སྨད་དགུ་རྡོལ་འཕང་ཀྱང་མ་ཚུགས་བར་སྟོན་པ་མཆོག་གིས་ཆོ་འཕྲུལ་ལྟས་ངན་གྲོགས་སུ་འཆར་གསུངས་ནས། ཐུགས་རྗེ་དང་རྫུ་འཕྲུལ་གྱི་ཤུགས་ཀྱིས་ཐོག་སྨད་དགུ་ལ་སྒྲ་བླ་དྲྭ་མ་མཆེད་དགུའི་རྟེན་དུ་གོ་མཚོན་སྣ་དགུ་རུ་བྱིན་གྱིས་བརླབས་ནས་མངའ་གསོལ་སྲུང་བཙུགས་གཡང་ལེན་མཛད་པ་དང་སྒྲ་བླ་དཔའ་བསྟོད་གསུངས་པའི་བསྐོར་འཁོད་ཡོད་ཅིང་། གཞན་ཡང་བྱ་གཅན་རི་གཡུང་གི་གྲོལ་ཕུགས་གཏམ་རྒྱུད་ངོ་མཚར་ཅན་དུ་མར་ཡོད་པར་སྲོག་ཆགས་ཀྱི་མཆེད་ཁུངས་འཚོལ་བའི་ཞིབ་འཇུག་གི་དཔེ་སྟོན་གལ་ཆེན་ཞིག་ཏུ་སེམས།

ལེའུ་དྲུག་པ་<<རྒྱལ་བུ་རྒྱལ་སར་བཏོན་པའི་མདོ།>>ཞེས་པའི་ནང་དུ་རྒྱལ་བུ་རྒྱལ་སར་ཕྱུང་བ་དང་བཟོ་རིག་གཏན་ལ་ཕབས་པའི་སྐོར་གསལ་ཡོད། དེ་ཡང་རྗེ་རིགས་ཀྱི་དེད་དཔོན་ལེགས་གྲུབ་དཔལ་མེ་ཏོག་གླིང་ལ་རྒྱལ་བུ་སྤྱན་འདྲེན་དུ་བྱོན་ནས། གྲོང་ཁྱེར་ཡངས་པ་ཅན་གྱི་ལྷ་དང་ཀླུ་མི་ལ་སོགས། དགའ་དད་སྤྲོ་སེམས་ཀྱི་ངང་ནས་ལུས་ཡིད་གསུམ་མཆོད་པ་ཕུལ་ཅིང་། གསས་མཁར་བར་པོ་སོ་བརྒྱད་དུ་སྤྱན་དྲངས། དེར་འཁོད་པའི་ལྷ་ཀླུ་མི་གསུམ་ལ་སོགས་མངའ་དབང་ཅན་རྣམས་ལ།        ཕྱྭ་སྲིད་སྐོས་གསུམ་གྱིས་དེ་རིང་རྒྱལ་བུ་རྒྱལ་ས་ཕྱུང་བ་ཡིན་པས། ཁྱེད་རྣམ་ཀྱིས་སོ་སོར་དབང་བའི་མཆོད་པ་ཕུལ་བའི་གྲབ་གྱིས་ཤིག་གསུངས་ནས་སྐོས་མཛད་ཅིང་རྒྱལ་བུ་རྒྱལ་ས་རུ་ཕྱུང་བའི་སྐོར་དང་།

དེ་ནས་གར་མ་ལི་ཤོ་ལ་གསུངས་པ། །ཉོན་ཅིག་གར་མ་ལི་ཤོ་ཉོན། །ཤེས་བྱ་ཀུན་གྱི་ཐོག་མ་རུ། །ཤེས་པའི་ཡི་གེ་གཞི་མ་བསླབ། །མི་ཤེས་ལྐུགས་པ་ཡི་གེས་དཀྲོལ། །མི་ཤེས་རྨུགས་པ་ཡི་གེས་སེལ། །རིག་པའི་སྒྲོན་མེ་ཡི་གེས་འདེག  །དེ་ཕྱིར་ཡི་གེའི་རྒྱུད་བསྟན་ནས། །ཤེས་བྱ་ཀུན་གྱི་གཞི་མ་ཡིན། །བཟོ་ལ་རྣམ་པ་ལྔ་ཡིན་ཏེ།  །དྲ་ཞིང་དྲུབ་དང་བཞོག་ཅིང་སྦྱངས། །བཞུ་ཞིང་བླུག་དང་བརྡུང་ཅིང་འཐར། །བྲིས་ཤིང་བཀོད་དང་རྣམ་པ་ལྔ། །ཞེས་གསུངས་ནས། གར་མ་ལི་ཤོ་ལ་བཟོ་རིག་བསྟན་པ་དང་། སྐབས་དེའི་སློབ་མའི་ཐུ་བོ་འཛམ་གླིང་བསྟན་པའི་རྒྱན་དྲུག་ཅེས། བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང་། ཕུབ་ལ་མཁས་པ་རྫུ་འཕྲུལ་དབང་ཕྱུག་དང་།       བླུག་ལ་མཁས་པ་བླུག་ཐོག་པ་ཝ་དང་དང། མགར་ལ་མཁས་པ་མགར་ལྷ་ཡུག་པ་དང་། ལྷ་ལ་མཁས་པ་ལྷ་སྲས་པད་མ་དང་། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་དང་དྲུག་ལ། སྟོན་པ་མཆོག་གིས་སངས་རྒྱས་བསྟན་པའི་གཞི་བཟོ་རིག་པའི་བོན་རྣམས་བསྟན་ཚུལ་བཅས་འཁོད་ཡོད། གཞུང་འདིའི་གསལ་བྱེད་དུ་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་<<བཟོ་རིག་གསལ་བའི་རྒྱན།>>ཞེས་པར་མཛད་ཡོད།

ལེའུ་བདུན་པ་<<རྒྱལ་བུས་བཀའ་ཁྲིམས་བསྩལ་བའི་མདོ།>>ཞེས་པ་ལས།  རྒྱལ་བུས་བཀའ་ཁྲིམས་བསྩལ་ནས་ཐེག་པ་དང་ཕྱྭ་གཤེན་ཐེག་པ་གཏན་ལ་ཕབས་པའི་སྐོར་ཡོད།        ཁྲིམས་བསྲུང་བའི་ཕན་ཡོན་དང་། མ་བསྲུངས་བའི་ཉེས་མིག་རྣམས་གསུངས་རྗེས་སུ།        རྒྱལ་པོའི་ཁྲིམས་ལ་རྣམ་པ་གཉིས་ཡིན་ཏེ། དོན་དམ་དངོས་པོར་བདེན་པའི་བོན་ཁྲིམས་དང་། ཀུན་རྫོབ་མཚན་མ་བདེན་པའི་བཀའ་ཁྲིམས་གཉིས། དོན་དམ་བདེན་པའི་བོན་ཁྲིམས་ལོགས་སུ་འབྱུང་། འདི་ནི་ཀུན་རྫོབ་མཚན་མའི་བཀའ་ཁྲིམས་སྟོན། ཞེས་གསུངས་ནས་སྟོན་པ་རྒྱལ་སར་འཁོད་རྗེས་རྒྱལ་པོའི་བཀའ་ཁྲིམས་རྣམས་གཏན་ལ་ཕབ་པའི་སྐོར་དང་། དེ་ནས་སྟོན་པ་མི་ལོ་བརྒྱ་དང་གཤེན་ལོ་གཅིག་ལོན་ནས། མཁར་བར་པོ་སོ་བརྒྱད་ནང་དུ། ཕྱྭ་རྗེ་རིང་ནས་༼ནམ༽གྱི་སྲས་པོ་ཕྱྭ་གཤེན་གཙུག་ཕུད་ལ། བཟང་ངན་དང་ལེགས་ཉེས་རྒྱུ་འབྲས་སྤང་བླང་ཤེས་པའི་ཆེད་ཕྱྭ་གཤེན་ཐེག་པ་བསྟན་ནས། ཕྱྭ་གཤེན་བོན་གྱི་ལས་གཉེར་གཏད། བར་པོ་སོ་བརྒྱད་བདག་ཏུ་བསྐོས། གྲོང་ཁྱེར་ཡང་པ་ཅན་ལ་བོན་འཁོར་བསྐོར། ཞེས་གསུངས་ནས། ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པའི་གཞུང་གཏན་ལ་ཕབ་པའི་སྐོར་བཅས་འཁོད་ཡོད།

ལེའུ་བརྒྱད་པ་<<ཐེག་པ་གཉིས་པ་སྣང་གཤེན་ཐེག་པའི་མདོ་>>ཞེས་པའི་ནང་དུ་སྟོན་པ་གཤེན་ལོ་གཉིས་ལོན་སྐབས། འོལ་མོ་ལུང་རིང་གི་གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ། སྲིད་པ་སྐོས་རྗེ་དྲང་རུམ་གྱི་སྲས་པོ་སྣང་ལྡན་གཙུག་ཕུད་ལ། སྣང་སྲིད་ཞི་ཞིང་བདེ་བའི་ཐབས་སུ་སྣང་གཤེན་ཐེག་པ་བསྟན་ཅིང་། གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་བདག་ཏུ་བསྐོས་པ་དང་།       གྲོང་ཁྱེར་ངོ་མཚར་ཅན་ལ། སྣང་གཤེན་བོན་གྱི་འཁོར་ལོ་བསྐོར།      བདག་གི་བསྟན་པ་གཉེར་ཟུངས་ཤིག  ཅེས་བཀའ་བསྩལ་ནས། ཐེག་པ་གཉིས་པ་སྣང་གཤེན་ཐེག་པའི་གཞུང་གཏན་ལ་ཕབས་པའི་སྐོར་ཡིན།

ལེའུ་དགུ་པ་<<ཐེག་པ་གསུམ་པ་འཕྲུལ་གཤེན་ཐེག་པའི་མདོ།>>ཞེས་པའི་ནང་དུ་སྟོན་པ་གཤེན་ལོ་གསུམ་ལོན་ནས།        ཡུལ་འོལ་མོ་ལུང་རིང་གི་གསས་མཁར་ཁོལ་མ་ནེའུ་ཆུང་དུ། འཕྲུལ་གཤེན་གཙུག་ཕུད་ལ།        མ་རིག་འཁོར་བའི་སེམས་ཅན་རྣམས། བར་ཆོད་བགེགས་ཀྱི་རྐྱེན་ལས་ཐར་པ་དང་།  འཇིག་རྟེན་དྲེགས་པ་ཅན་རྣམས་དབང་དུ་བསྡུ་པ་དང་། དགྲ་བགེགས་ལོག་ལྟ་ཅན་རྣམས་ཚར་ཐག་གཅོད་པའི་ཕྱིར་དུ་འཕྲུལ་གཤེན་ཐེག་པ་བསྟན་ནས། འཕྲུལ་གཤེན་གཙུག་ཕུད་ལ་གཉེར་གཏད་མཛད་པ་དང་། འཕྲུལ་གཤེན་གཙུག་ཕུད་གསས་མཁར་ཁོལ་མ་ནེའུ་ཆུང་གི་བདག་ཏུ་བསྐོས་ཤིང་། གྲོང་ཁྱེར་སྒྱུ་འཕྲུལ་དགའ་བ་ལ། བོན་གྱི་འཁོར་ལོ་བསྐོར་བར་མཛོད། ཅེས་གསུངས་ནས། ཐེག་པ་གསུམ་པ་འཕྲུལ་གཤེན་ཐེག་པའི་གཞུང་གཏན་ལ་ཕབ་པའི་སྐོར་བཅས་འཁོད་ཡོད།

(སྤྱིའི་གཟིགས་གྲངས། 67 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཉི་ཟླ་བསུ་…
error: རྩོམ་འདི་བདག་དབང་ཅན་ཡིན།