ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཐེངས་ཉེར་གཅིག་པའི་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་པ།

བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༸སྨྲ་བའི་དབང་པོ་སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་སྟེ། སྔོན་དུས་གཙང་བཀྲ་ཤིས་སྨན་རི་དགོན་དུ་ལོ་ལྟར་རེ་བཞིན་བོད་ཟླ་དང་པོའི་སྨོན་ལམ་གྱི་ཚོགས་གྲོལ་ནས། དབྱར་རྒྱས་རི་ཁྲོད་མཛོད་བཟང་ཕུག་ཏུ་སློབ་གཉེར་བ་ཡོངས་རྫོགས་ཕེབས་ཏེ་ཞག་ཞེ་དགུའི་རིང་ལ་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་སྲོལ་བྱུང་བ་བཞིན། སྤྱི་ལོ་༡༩༩༦ལོ་ནས་བཟུང་ད་ལྟའི་བར་དུ་ཧོར་ཟླ་༡༠པའི་ཚེས་༡་ནས་ཚེས་༢༡་བར་ལོ་ལྟར་ཚད་མའིི་རིགས་སྒྲ་ཆེན་མོ་ནི་མཚན་ཉིད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འཇགས་སུ་འཚོགས་ཐུབ་པར་བྱུང་ཡོད། ཚད་མའི་རིགས་སྒྲ༢

“སྤྱིར་བཏང་ཚད་མའི་གཞུང་ལུགས་འདི་ཉིད་བཀའ་དང་བཀའ་བརྟེན་སྤྱི་ཡི་དགོངས་པ་འགྲེལ་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་ཞིང་།  བོན་པོའི་གཞུང་ལུགས་ནང་ལྟ་དུས་ཚད་མའི་སྐོར་མདོ་སྔགས་སེམས་གསུམ་ཀུན་ལ་ཁྱབ་ཡོད་ཀྱང་གཙོ་བོ་ཤུགས་ཆེ་ཤོས་ཡོང་ས་དེ་རྫོགས་ཆེན་གྱི་དཔེ་ཆའི་ནང་ནས་ཐོན་གི་ཡོད་པར་དཔྱད་ན་ཚད་མ་རིག་པ་ནི་རྫོགས་ཆེན་ལ་གལ་ཆེན་པོ་ཡིན་པ་དང་། ལི་ཤུ་དང་། དྲན་པ། ཤ་རི་ཨུ་ཆེན། སྟོང་རྒྱུང་བཅས་ཀྱིས་གསུངས་པའི་རྫོགས་ཆེན་གྱི་བོན་སྡེ་མང་པོ་རྟགས་དང་། ཐལ་འགྱུར་གྱི་རིགས་ལམ་ནང་དུ་ཡོད་སྟབས། ཚད་མའི་རིགས་འགྲོས་མ་ཤེས་ན་ལྗགས་ལུང་གནང་བ་ལྟར་ཀློག་བཞག་ན་མ་གཏོགས་འགྲེལ་ཐབས་དཀའ་བས་རྫོགས་ཆེན་གྱི་གནས་ལུགས་གཏན་ལ་འབེབས་པ་ལ་ཚད་མའི་རིགས་འགྲོས་འདི་ལྡེ་མིག་ལྟ་བུ་ཆགས་ཡོད་ཅེས”དཔོན་སློབ་ཚངས་པ་རིན་པོ་ཆེའི་བཀའ་སློབ<ཚད་མ་རིག་པར་སློབ་སྦྱོང་བྱེད་པའི་དགོས་པ།>ཞེས་པར་གསལ།

ཚད་མའི་རིགས་སྒྲ3

ཚད་མའི་རིགས་སྒྲ4ཚད་མའི་རིགས་སྒྲ༥ འདི་ལ་འཇུག་ནས་དགག་སྒྲུབ་རྩོད་པའི་ལ་ཤན་དབྱེ་བའི་དགོས་ཆེད་ནི།

འགྲོ་མགོན་རིན་པོ་ཆེའི་(༡༡༩༨-༡༢༦༣)ཚད་མ་ཀུན་བཏུས་ལས། “སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ནི། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་མ་རྟོགས་པ་ལས་བྱུང་ཞིང་། དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་ཐམས་ཅད་མཁྱེན་པས་བོན་གྱི་སྒོ་མོ་དུ་མར་གསུངས་ལ། དེ་དག་གི་དོན་འགྲེལ་ཞིང་ཤེས་བྱའི་གནས་ལུགས་རྟོགས་པར་བྱེད་པ་ལ་ཚད་མ་གསུམ་གྱིས་གཏན་ལ་དབབ་དགོས་ཏེ།” ཞེས་གསུངས་པ་དང་།

ཚད་མའི་རིགས་སྒྲ༧ཚད་མའི་རིགས་སྒྲ6ཚད་མའི་རིགས་སྒྲ8རྗེ་རིན་པོ་ཆེའི་(༡༣༥༦-༡༤༡༥)ཚད་མ་རྣམ་འབྱེད་འཕྲུལ་སྒྲོན་ལས། “རྩོད་པ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བ་ལ་ཡང་དག་པའི་དོན་སྤྱི་འཆར་དཀའ་སྟེ། ལོང་བ་ལྷ་ཁང་དུ་ཕྱིན་པའི་ལག་ཏུ་རྫས་ཁྲ་བོ་གཏད་པ་བཞིན་ནོ། །དེའི་ཕྱིར་རྩོད་པ་ལ་དགོས་པ་ཆེན་པོ་འདི་ཉིད་ཡོད་པས། རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཐུགས་ལ་ཞེན་པས་མཛོད་ཅིག” ཞེས་དང་།

ཚད་མའི་རིགས་སྒྲ9ཚད་མའི་རིགས་སྒྲ11ཚད་མའི་རིགས་སྒྲ10ཀུན་མཁྱེན་ཉི་མའི་(༡༨༡༣-༡༨༦༣)ཤེར་ཕྱིན་སྐབས་དང་པོ་ལས། “སྤྱིར་ཚད་མའི་གཞུང་རྣམས་ནི་དབུ་སེམས་ཀྱི་སྒྲུབ་བྱེད་ཡིན་པས་ཤིན་ཏུ་གལ་ཆེ་བར་ཟུངས་ཤིག” ཞེས་ངེས་དོན་ཚད་མའི་སྐྱེས་བུ་རྣམས་ཀྱིས་ཕྱི་རབས་རྗེས་འཇུག་ལ་གདམས་པའི་ལུང་མཆོག་འདི་དག་གི་དགོས་དམིགས་གསལ་པོ་རྟོགས་པའི་སྒོ་ནས། ཚད་མའི་རིགས་སྒྲ༡༢འདི་ལོ་ཡང་ཧོར་ཟླ་༡༠པའི་ཚེས་༡ནས་ཐེངས་ཉེར་གཅིག་པའི་ཚད་མའི་རིག་སྒྲ་ཆེན་མོ་དེ་ཉིད་སླར་ཡང་དབུ་འཛུག་གནང་སྟེ། བཤད་གྲྭ་བའི་ཁོངས་ནས་རྟགས་རིགས་འཛིན་གྲྭའི་ཡན་གྱི་སློབ་གཉེར་བ་ཀུན་ཚད་མའི་རིགས་སྒྲ་ཆེན་མོར་ཞུགས་ཏེ། རྗེ་བདག་ཉིད་ཆེན་པོའི་འཕྲུལ་སྒྲོན་རྣམ་ལྔའི་ནང་ཚན་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་དེ་ཉིད་སྦྱང་བྱ་གཙོ་བོར་བཟུང་ཞིང་། ལྷག་པར་ལོ་འདིར་ཚད་མ་ལེའུ་གཉིས་པ་བློ་རིག་གི་སྐོར་ཁྲིད་མཚམས་སླེབས་པས། དེ་འབྲེལ་གྱི་སེམས་དང་སེམས་བྱུང་གི་རྣམ་བཞག་གསལ་བའི་བཀའ་སྲིད་པའི་མཛོད་ཕུགས་དང་། གཡུང་དྲུང་ལས་དག ཁམས་ཆེན་སྟོང་ཕྲག་བརྒྱ་པ། བཀའ་ཡི་གསལ་བྱེད་དུ་གྱུར་པའི་མཛོད་འགྲེལ་ཁག་ལས་བྱུང་བའི་སེམས་རིག་སྐོར་དང་།ཚད་མའི་རིགས་སྒྲ༡༣ གཞན་ཡང་དྲན་པའི་རྣམ་འབྱེད་འཕྲུལ་ལྡེ། མན་ངག་ལུང་གི་ཚད་མ། གཏན་ཚིགས་ངེས་པའི་གལ་མདོ། འགྲོ་མགོན་གྱི་ཚད་མ་ཀུན་བཏུས་སོགས་ཞང་བོད་ཀྱི་གནའ་རབས་ཀྱི་མཁས་གྲུབ་ལོ་པཎ་རྣམ་པས་མཛད་པའི་ཚད་མ་རིག་པའི་གཞུང་ལུགས་རྣམས་ཀྱིས་ཟུར་བརྒྱན་ཏེ་ཁྱོན་བདུན་ཕྲག་གསུམ་གྱི་རིང་ལ་དམིགས་སུ་བཀར་ནས་ཚད་མ་རིག་པའི་གནས་ལ་ཐོས་བསམ་གྱི་སྤྱི་རྒྱ་གཅོད་བཞིན་མཆིས། དེ་ཡང་ཉིན་ལྟར་སྔ་དྲོའི་ཕྱག་ཚོད་༨ནས་༡༠་བར་རྩོད་སྦྱོང་གནང་རྒྱུ་དང་། ༡༠་ནས་༡༡བར་དཔོན་སློབ་རིན་པོ་ཆེ་དང་། བཤད་སྒྲུབ་དཔོན་སློབ། རྩ་འཛིན་སློབ་དཔོན་དགེ་བཤེས་སྐལ་བཟང་རྒྱ་མཚོ་བཅས་ཀྱི་མདུན་ནས་དཔེ་ཁྲིད་ཞུ་རྒྱུ་དང་། ༡༡་ནས་༡༢་བར་ནང་སྦྱོང་། ཉིན་རྒྱབ་ཕྱག་ཚོད་༤ནས་༥་བར་དུ་གླིང་ཚན་སོ་སོར་བར་འཆད་རར་ཐུག་རྒྱག་རྒྱུ། ༥ནས་༦་བར་ནང་སྦྱོང་། ༦ནས་༩བར་དམ་བཅའ་འཚོགས་རྒྱུ་བཅས་བདུན་ཕྲག་གཉིས་ཀྱི་རིང་ལ་གནང་རྒྱུ་དང་། བདུན་ཕྲག་གསུམ་པའི་ཉིན་གསུམ་པ་ནས་ཉིན་བཞི་ཡི་རིང་ལ་འཛིན་གྲྭ་ཕན་ཚུན་རིགས་ལམ་འགྲན་རྩོད་ཀྱི་ཐུག་ཆེན་རྒྱག་རྒྱུ་བཅས་ནི་རིགས་སྒྲའི་སྐབས་ཀྱི་སློབ་ཚན་བྱ་བཞག་ཡིན་ནོ།། ༢༠༡༦། ༡༢། ༡༦། ཉིན་ཏི་སེའི་བུ་ནས་སྤེལ།

(སྤྱིའི་གཟིགས་གྲངས། 87 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ་…
error: རྩོམ་འདི་བདག་དབང་ཅན་ཡིན།