ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

       སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། གཤེན་རབ་མཆེད་གསུམ་ལྟ་བུ་ཞེས་པས། རྒྱ་གར་གྱི་ཡུལ་བྱེ་མ་ལ་གཡུང་དྲུང་གི་བྱང་ཤར་འདུས་པ་བཀྲ་རྒྱས་ཀྱི་གསས་ཁང་ན། ཡབ་ར་ཙ་དྷ་ཤ་དང༌། ཡུམ་བུ་ཙ་ད་ན་བྱ་བ་གཉིས་ལ། སྲས་གསུམ་ཡོད་པ་ནི། གཅིག་གི་མིང་ནི་ཀུན་སྙོམས། གཅིག་གི་མིང་ནི་ཚིམས་བྱེད། གཅིག་གི་མིང་ནི་བློ་གྲོས་ལྡན། སྲས་དེ་གསུམ་ལ་ལྡན་པ་རྣམ་པ་གསུམ་དང་ལྡན་ཏེ། དད་པ་དང་ལྡན་པས་གཡུང་དྲུང་གི་བོན་སྒོར་ཞུགས། སྙིང་རྗེ་དང་ལྡན་པས་ཁམས་གསུམ་བུ་དང་གཉེན་དུ་ཁུམས། ཤེས་རབ་དང་ལྡན་པས་རིགས་བཞིའི་མཁས་བཙུན་ལྡན། རྟོགས་པ་ཁོང་དུ་ཆུད་པས་ཐེག་པ་ཀུན་ལ་རྨོངས་པ་མེད། ལྷོ་ནུབ་སྲིན་པོའི་དམག་གིས་ཁམས་གསུམ་བཤིགས་ཤིང་སྲོག་ཆགས་ཟས་སུ་ཟ། ཐམས་ཅད་སྡུག་བསྔལ་ཞུགས་ཤིང་ངུ་མོ་འདེབས། ཀུན་གྱིས་བཀའ་དང་གྲོས་སུ་བྱས་པས། དམག་གིས་མི་བཟློག་མཐུ་དང་དཔུང་གིས་བཟློག་པར་དཔྱད། དེ་རྒྱ་གར་གྱི་གཤེན་རབ་མཁས་བཙུན་རྣམས་སྤྱན་དྲངས་ནས་ཞུ་བ་ཕུལ་བས། ལ་ལས་ན་རེ་མཐུ་དང་ནུས་པས་བཟློག་ཟེར་བས་ཀྱང་མ་བཟློག ལ་ལས་ན་རེ་ལོངས་སྤྱོད་ལན་ཆགས་སུ་བཅལ་ལ་བཟློག་ཟེར་བས་ཀྱང་མ་བཟློག བླ་མེད་གཡུང་དྲུང་ཞེས་བྱ་བ་མངོན་ཤེས་སྤྱན་དང་ལྡན་པས་རྒྱུ་ཅི་ལས་བྱུང་བརྟགས་པས། ཚེ་སྔ་མ་ལ་སྲིན་པོ་དེ་ལྷ་མ་ཡིན་རྒྱལ་པོ། རཀྴ་གྷི་བ་ཞེས་བྱ་བར་སྐྱེས་ནས་ཡོད་པ་ལ། འཁོར་འདབས་བཀོར་ནོར་ལྡན་པ་ཡོད་པ་ལ། དུས་དེ་ཙམ་ཚེ་འདིའི་དམག་མི་རྣམས་ལྷའི་རྒྱལ་བློན་དུ་སྐྱེས་ནས། ཆེད་དང་དགོས་པ་མེད་པར་ཉིན་རེ་ལ་དམག་གསུམ་གསུམ་དྲངས་ནས། ཕོ་མོ་རྣམས་ལ་མགོ་ཤོད་བྱས་ནས། ནོར་རྫས་ཐམས་ཅད་རྣངས་སུ་བཅད་པ་ལ། སྟོན་པ་གཤེན་རབ་ཉིད་ཤིན་ཏུ་སྙིང་རྗེ་བའི་སེམས་སྐྱེས་ནས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཁྱེའུ་ཆུང་མཛེས་པ་གསུམ་དུ་སྤྲུལ་ནས། ལྷ་དང་ལྷ་མིན་གྱི་སྡུམ་མཛད། ནོར་དང་རྫས་ཀྱི་ལྷ་ལ་ཡོན་ཕུལ་བས། ལྷ་སྲིན་རྒྱ་འདྲེ་ཆད། སྐྱེ་འགྲོ་བདེ་ལ་བཀོད་དོ། །ད་ལྟའི་དུས་ནས་བདེར་གཤེགས་འགྲོ་བ་སེམས་ཅན་གྱི་དོན་དུ། ཁྱེའུ་རྣམ་པ་གསུམ་དུ་སྤྲུལ་ནས། འདུས་པ་བཀྲ་རྒྱས་ཀྱི་གསས་ཁང་ན་སྒོམ་ཞིང་ཡོད་པས་སྤྱན་དྲངས་ཤིག སྡུག་བསྔལ་དང་མྱ་ངན་འཆད་ཀྱི་གསུངས་ནས། དེར་སྲས་དེ་གསུམ་སྤྱན་དྲངས་པས། ཐུགས་རྗེའི་སྟོབས་དང་སྔ་མའི་ལས་དབང་གིས། སྲིན་པོ་ཐམས་ཅད་ཞུམ་པའི་སེམས་བསྐྱེད་ནས། དུལ་བའི་སེམས་དང་ལྡན་ནོ། །བྱང་ཆུབ་ཀྱི་སེམས་སྙིང་རྗེ་དྲག་པོས། ལུས་ངག་ཚོགས་སུ་བསྔོས་པས། ཁྱོད་ནི་ལྷ་མིན་སྲིན་གྱི་རིགས། ལྷ་ལྟུང་མི་ལ་ལན་ཆགས་སྙེགས། སེམས་བསྐྱེད་དྲག་པོའི་སྟོབས་དག་གིས། སྒྱུ་ལུས་ཆགས་མེད་སྦྱིན་པ་གཏོང་ཞེས། ཤ་བཅད་ཁྲག་ཕྱུང་བྱིན་པས། ཐམས་ཅད་མཉེས་ཤིང་ཚིམ་པར་བྱས། ཡིད་དགའ་སེམས་ཞུམ་གུས་པས་འཚལ། སྲིན་པོ་འཁོར་དུ་སྤྲིན་ལྟར་འདུས། འགྲོ་བ་བདེ་ལ་བཀོད་ཅེས་བྱའོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།