ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

      སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །བོན་སྒོར་ཞུགས་ནས་མི་ཆོས་ཀྱི་སྤྱོད་པ་ལས་སོགས་མ་སྤངས་ནས། འདི་དང་ཕྱི་མ་གཉིས་ཀར་རང་གིས་རང་བསླུ་བར་འགྱུར་ཏེ། དེ་ཡང་ནུབ་ཕྱོགས་ཀྱི་ཨུ་རྒྱན་གྱི་ཡུལ་ཞིག་ན། མང་རྗེ་ཤ་ཤ་ཞེས་བྱ་བ། །ཤིན་ཏུ་མི་ཆོས་ཀྱི་སྣང་བ་འཛོམས་པ། ནོར་ལ་བལྟས་པས་ཀྱང་འདོད་པ་ཀུན་ཚང་བ་མངའ་བ། འབངས་གྲོང་ཁྱེར་བསམ་གྱིིས་མི་ཁྱབ་པ་མངའ་བསྙེམས་པ། རིགས་ཤིན་ཏུ་མཐོ་བ། འཇིག་རྟེན་གྱི་གྲགས་པ་རང་ལྡན་པ་ཞིག་ལ། བུ་མོ་ཤིན་ཏུ་མཛེས་ལ་ཡིད་དུ་འོངས་བ། བཞིན་ཟླ་བ་ཉ་རྒྱས་པ་ལྟར་དཀར་ལས་གསལ་བ་སྐད་འཕྲ་ལ་རིང་ཞིང་སྙོམས་པ། མགྲིན་པའི་གསང་དོད་ཅིང་རྐེད་པའི་སྐབས་ཕྱེད་པ། མི་རིང་མི་ཐུང་མི་འཕྲ་མི་སྦོམ་ལ། གསེར་གཡུ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། བཟང་སྡུག་དེ་ལྟ་བུ་གཉེན་མཐོ་ལ་བཏགས་ཏེ། ཡུལ་ཕྱོགས་དེའི་རྒྱལ་པོ་གསེར་འོད་ཀྱི་སྲས་པོ། སྲས་དྲི་མེད་འོད་འཕྲོ་ཞེས་བྱ་བ། སྣ་ཚོགས་འཛོམས་པ་ཞིག་ལ། ཁྱིམ་དུ་བཏང་ནས། བདེ་སྐྱིད་འཛོམས་ནས་ཡོད་པ་ལ། ལ་ཆེན་པོ་ཞིག་བརྒལ་བའི་ཕ་རོལ་ན། བློན་པོ་གདུག་པ་ཅན་ཞིག་གིས་ཐབས་ངན་བཤམས་ནས་དབྱེན་བསྐྱལ། ཁྱོད་ཀྱི་ཁྱོ་ལ་ལྟས་ངན་གྱི་ཐན་པ་ནད་ངན་མཛེ་ཡིས་ཁྱེར་ནས། མི་རྣམས་ཐམས་ཅད་ཁྱོད་ལ་དེ་འདྲ་བའི་ཁྱོ་ལ་ཁྱོད་སྡོད་པ་ཟེར་ཏེ་འཕྱ་ཡིན་འདུག དེ་བས་ལ་ཆེན་པོ་འདི་བརྒལ་བའི་ཕ་རོལ་ན། ཤིན་ཏུ་འཛོམས་པའི་སྐྱེས་པ་ཁྱོད་ཀྱི་ཁྱོ་དེ་སྔོན་ངས་མཐོང་སྟེ། དེ་བས་ཆེར་ལྷག་པ་ཞིག་ཡོད་པས། དེ་དང་འཕྲད་ལ་འཐད་དམ་ལྟ་ཡིས་ཤིན་ཏུ་གསང་དམ་པ་གྱིས། རྒྱན་སྣ་ཚོགས་ཐོགས་ལ་ཤོག་ཅིག ང་ཅག་རྟ་པ་བཅུ་ཡིས་བསུ་ཡི་ཟེར་ནས་སོང་ངོ༌། །མོས་ཁྱོ་ལ་ལྟས་པས་ཀྱང་སྔོན་བས་ཀྱང་བཞིན་མི་སྡུག་པར་སྣང༌། ཁྱོད་འདྲ་བའི་ཁྱོ་ལ་མི་སྡོད་ལན་ཅིག་དགའ་མཛའ་ལྟ་སྙམ་ནས། གསེར་གཡུའི་རྒྱན་བཏགས། དར་ཟབ་ཆས་ཀྱི་གོས་གོན། མེ་ཤོར་གྱི་རྒྱལ་ཐང་བྱ་བ་ཞིག་ལ། ཉི་མ་གསུམ་དགོས་པ་ཞིག་ལ། ཁྱོ་ལ་ཐབས་བཤམས་ནས་ཕྱིན་པས། མ་མཐོང་བའི་སྙིང་སྡུག་གིས་སྙིང་བྲུས་ལ། རི་རྒྱུག་ལུང་རྒྱུག་བྱས་ནས་ཕྱིན་པས། ཁ་སང་ཟེར་བས་རྟ་པ་བཅུ་ཡིས་བསུས་བྱུང༌། གསེབ་ན་ངའི་མཛེས་སྡུག་ཡོད་སྙམ་གུས་པས་ཕྱིན་པས། རྟ་པ་བཅུ་ཡིས་རྒྱན་རྣམས་བཤུས། སྨ་ཕབ་དུག་པོ་བསྐོན་ནས་ཡུལ་དུ་ལོག མོ་སྙིང་མི་དགའ་ཞིང་གཙང་ཁ་ཞིག་ན་ཡར་ངུ་ཡིན་ལྕེབ་ཀྱང་མ་ནུས་ཡོང་བས། ཝ་མོ་ཤ་ཁྱེར་ཞིག་དང་འཕྲད་ནས་དེ་ཡིས་ཅི་བྱེད་བལྟས་པས། ཆུ་ནང་ནས་ཉ་ཞིག་བྱུང༌། ཝས་ཁའི་ཤ་བོར་ནས་ཉ་བདས་པས་མ་ཟིན་པར། ཁའི་ཤ་ཡང་བྱ་ཡིས་ཁྱེར། མོ་ལ་མིག་ཅེ་རེ་སྣང༌། མོས་ཝ་ལ་ཚིག་རྩོམ་པ། ཁ་ཤ་བོར་ནས་ཉ་ཤ་བསྙེགས། ཉ་ཤ་རྒྱ་མཚོའི་གཏིང་དུ་བྲོས། ཁ་ཤ་གནམ་གྱི་བྱ་ཡིས་ཁྱེར། ཝ་ཤ་དད་ཅན་ལ་སྙིང་རེ་ཚིམ། བྱས་པས། ཝས་ལན་བཏབ་པ། གཏན་ཁྱོ་བོར་ནས་སྲེད་ཁྱོ་བསྙེགས། གཏན་གྱི་ཁྱོ་དེ་རྒྱབ་བསྣོལ་བྱས། སྲེད་ཁྱོ་མ་འཕྲད་དགྲ་དང་འཕྲད། སྲིན་མོ་ཁྱོ་དད་ཅན་ལ་སྙིང་རེ་ཚིམ། ཞེས་སྨྲས་སོ། །དེས་ན་རང་གིས་རང་བསླུས་པས་མི་རྣམས་འཁྲུལ་ལོ།།    །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།