ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་བ་སྨན་རི་བ་མཆོག་ལ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་གདུང་མཆོད་ཕུལ་བའི་སྐོར།

ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ས་སྟེང་བོན་འབངས་ཡོངས་ཀྱི་དབུ་ཁྲིད་དམ་པ་༧དཔལ་རྒྱལ་བ་སྨན་རི་བ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་དང་འགྲོ་བའི་དོན་དུ་སྐུ་ངལ་འཛེམ་མེད་ཀྱི་སྒོ་ནས་གདུལ་བྱ་བསྐྱངས་ཏེ་ཐུགས་རྗེའི་སྤྱན་གྱིས་དུས་རྟག་ཏུ་འགྲོ་ལ་གཟིགས་པ་ལྷོད་མི་སྲིད་ན་ཡང་། རང་ཅག་གི་བསོད་ནམས་ཀྱིས་མ་ཐེག་པ་དང་། མགོན་པོ་གང་གི་འགྲོ་དོན་གཞན་དུ་གཤེགས་པའི་དུས་ལ་བབས་པ་དང་། གདུལ་བྱའི་རྟག་འཛིན་སུན་དབྱུང་བའི་ཕྱིར་ཕྱི་ལོ་༢༠༡༧ཟླ་༠༩ཚེས་༡༤དང་ཧོར་ཟླ་༠༧།ཚེས་༢༤།གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོའི་རྒྱ་གར་ཆུ་ཚོད་དྲུག་དང་སྐར་མ་༢༥སྟེང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་། དེ་མ་ཐག་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་མགོན་པོ་གང་ཉིད་ཞིང་ཕེབས་སོང་བའི་གནས་ཚུལ་འབྱོར་མ་ཐག་གྲྭ་མང་ཡོངས་རྫོགས་སྐྱོ་བའི་མིག་ཆུས་གང་ཞིང་སྡུག་གི་དབུགས་རིང་འཐེན་བཞིན་ཚོགས་ཁང་ནང་དུ་མཆོད་བཤམས་བྱས་ཏེ་མཚན་མོ་ཆུ་ཚོད་བཅུ་པ་ཡན་མན་ལ་མཆོད་བཤམས་གྲུབ་ནས་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་གྲྭ་མང་ཡོངས་རྫོགས་ཀྱིས་བླ་མ་མཆོད་པ་དང་ཚེ་དབང་སྨོན་ལམ་བཅས་གསུངས། དེ་མཚམས་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་རང་བྱུང་ཡེ་ཤེས་ངང་དུ་མཉམ་པར་བཞག་ནས་བླ་མའི་དགོངས་པ་དང་བསྲེས། ཕྱི་ཉིན་ཞོགས་པ་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་བཞིན་རིག་འཛིན་འདུས་པ་དང་མཉམ་མེད་བླ་སྒྲུབ་གཉིས་ཀྱི་མཆོད་བཟོ་བྱས་ཏེ། ཚོགས་ཁང་རྙིང་པའི་ནང་རིག་འཛིན་འདུས་པའི་ཚོགས་འཁོར་བཏང་། ཚོགས་ཁང་གསར་པའི་ནང་མགོན་པོ་གང་གི་སྐུ་པར་མདུན་མཆོད་བཤམས་བྱས་ཏེ་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་བཏང་ནས་མཆོད་པ་ཕུལ། དེ་བཞིན་བལ་ཡུལ་གནས་འཁོད་ཀྱི་མགོན་པོ་གང་གི་སྐྱབས་འོག་པ་སེར་སྐྱ་མི་དམངས་གདུང་མཆོད་སྨོན་ལམ་ཞུ་མཁན་ཚང་མ་ལ་དགོན་པ་ནས་སྡོད་གནས་དང་ཞལ་ལག་བཅས་ཚང་མ་གྲ་སྒྲིག་ཞུས། ཕྱི་ཚེས་༡༦ཉིན་ཚོགས་ཁང་གསར་རྙིང་གཉིས་ནང་མཉམ་མེད་བླ་སྒྲུབ་དང་རིག་འཛིན་འདུས་པ་གཉིས་ཀྱི་ཚོགས་འཁོར་གསུངས་པ་དང་། སྒྲུབ་ཁང་ནང་དུ་དགེ་འདུན་པ་ཚོ་གཅིག་གིས་རྒྱལ་བ་སྨན་རི་ཚང་གི་མཁན་རབས་རིམ་བྱོན་དང་ཁྱད་པར་དུ་མགོན་པོ་གང་ཉིད་ཀྱི་ཐུགས་དམ་ཡི་དམ་དབལ་ཕུར་གྱི་གཞུང་བསྲངས་ཏེ་ཚོགས་འཁོར་ཕུལ། དེ་ཉིན་མདོ་སྨད་ཨ་མདོ་རྔ་བ་གཞིས་བྱེས་གཉིས་ཀྱིས་འདུས་མང་ཡོངས་ལ་མང་ཇ་དང་སྐུ་འགྱེད་ཕུལ་ཏེ་གདུང་མཆོད་ཕུལ་སོང་། དེ་བཞིན་བལ་ཡུལ་གནས་འཁོད་ཀྱི་བོན་གཞིས་སྨན་རིའི་གླིང་གི་སློབ་ཕྲུག་དང་བལ་ཡུལ་ཡོལ་མོ་བོན་ཚོགས་བཅས་ནས་གསོལ་འདེབས་དང་སྙིང་པོ་རྣམ་གསུམ་དབྱངས་ལ་བསྐྱོན་ཏེ་མཆོད་འབུལ་ཚོགས་བསགས་བྱས་སོང་། དེ་བཞིན་བྱམས་མ་ཚོགས་པ་དང་གཞི་རིམ་འོག་མའི་སློབ་ཕྲུག་བཅས་ནས་གསོལ་འདེབས་མཆོད་འབུལ་ཞུས་པ་དང་། དགོང་མོ་གྲྭ་མང་རྣམ་པས་བླ་མ་མཆོད་པ་དང་ཚེ་དབང་སྨོན་ལམ་བཅས་གསུངས་ནས་མཐར་ངེས་དོན་ཡེ་ཤེས་ཆེན་པོ་ལ་མཉམ་པར་བཞག་སྟེ་བླའི་ཐུགས་དགོངས་བསྲེས་ནས་མཚན་མེད་དོན་གྱི་མཆོད་པ་ཕུལ། ཕྱི་ཚེས་༡༧ཉིན་བླ་གྲྭ་བྱིང་གིས་ཚོགས་ཁང་གསར་རྙིང་གཉིས་ནང་རིག་འཛིན་འདུས་པའི་ཚོགས་བཏང་བ་དང་། སྒྲུབ་ཁང་ནང་མགོན་པོ་གང་ཉིད་ཀྱི་ཐུགས་དམ་ཡི་དམ་དབལ་ཕུར་གྱི་གཞུང་བསྲངས་ཏེ་ཚོགས་འཁོར་ཕུལ། གཞི་རིམ་འོག་མའི་སློབ་ཕྲུག་ཚོས་སློབ་གྲྭ་ནང་མགོན་པོ་གང་ཉིད་ཀྱི་སྐུ་དཔར་མདུན་དུ་མཆོད་བཤམས་བྱས་ཏེ་གསོལ་འདེབས་དང་ཚེ་དབང་སྨོན་ལམ། སྨོན་ལམ་རྣམ་གསུམ་སྙིང་པོ་རྣམ་གསུམ་བཅས་བསགས་ཏེ་གདུང་མཆོད་ཕུལ། དེ་བཞིན་བལ་ཡུལ་གནས་འཁོད་མི་དམངས་རྣམས་བྱམས་མ་ཚོགས་པའི་ཚོགས་ཁང་དུ་འཚོགས་ནས་མདོ་ཡན་ལག་བརྒྱད་པ་དང་ཚེ་དབང་སྨོན་ལམ་གསོལ་འདེབས་བཅས་བསགས་ནས་ཚོགས་བསགས་མཆོད་འབུལ་ཞུས། དགོང་མོ་གྲྭ་མང་རྣམ་པས་བླ་མ་མཆོད་པ་གསུངས་ནས་མགོན་པོ་གང་གི་གསོལ་འདེབས་གྱེར་བཞིན་སྐྱ་སེར་མིང་མང་ཡོངས་ཀྱིས་དམ་པ་གང་དེའི་བཞུགས་ཁྲི་དང་སྐུ་དཔར་བཅས་མཇལ་ཁ་ཞུས་པ་དང་། དགོན་པའི་ཕྱི་ནང་ཡོངས་རྫོགས་མཆོད་མེས་བཀང་སྟེ་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་སྨོན་ལམ་བཏབ་པས་མགོན་པོ་གང་གི་ཐུགས་དགོངས་རྫོགས་ཏེ་བདག་ཅག་ཤུལ་ལུས་ཀྱི་དྭ་ཕྲུག་ཚོ་བརྩེ་ཆེན་ཡེ་ཤེས་ཆེན་པོས་དུས་ནམ་ཡང་མི་འདོར་བའི་གསོལ་བ་སྨོན་ལམ་བཏབ། དེ་རིང་གདན་ས་ཆེན་མོ་སྨན་རི་གླིང་ནས་མཆོག་གི་ཐུགས་དགོངས་རྫོགས་ཕྱིར་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེ་རུ་སྨོན་ལམ་མང་ཇའི་མཆོད་འབྲེལ་གནང་བ་བཞིན་སྨོན་ལམ་མང་ཇ་འཚོགས་པ་དང་དགོང་མོ་བླ་མ་མཆོད་པ་བཅས་གསུངས་ཏེ་ཞག་གསུམ་དྲོས་བཞི་རིང་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་མགོན་པོ་གང་ལ་གདུང་མཆོད་སྨོན་ལམ་ཞུས་པའི་གནས་བསྡུས་སུ་དམ་པ་གང་གི་སྐྱབས་འོག་པ་ཁྱུང་ཁྲི་ལྡེས་ ཕྱི་ལོ་༢༠༡༧།ཟླ་བ་༠༩།ཚེས་༡༨།ཉིན་སྤེལ།། །།

 

(སྤྱིའི་གཟིགས་གྲངས། 79 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧དཔལ་ལྡན་ར…
error: རྩོམ་འདི་བདག་དབང་ཅན་ཡིན།