ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

       སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་ཡུལ་ད་ན་ལ་བྱ་བ་ཞིག་ན། རྒྱལ་པོ་རད་ན་བྱ་བ་ཞིག་ཡོད་པ་ལ། བློན་པོ་རིགས་ངན་བྷ་བྱ་བ་ཞིག་གིས་དཀོར་བརྐུས་པས། ཕྱིས་མི་རྗེས་རིག་ནས་ཐབས་ཀྱིས་ཆད་པ་གཅོད་པ་འདི་ལྟར་བྱེད་དོ། །རྫ་མ་ཞིག་གི་ནང་དུ་སྦྲུལ་མཐོང་བའི་དུག་ཅན་གཅིག རེག་པའི་དུག་ཅན་གཅིག ཁ་རླང་དུག་ཅན་གཅིག་དང་གསུམ་བཅུག་ནས། མི་དེ་ལ་ཁྱོད་རྫ་མ་འདིའི་ནང་དུ་ཞུགས་ལ། སྦྲུལ་འདི་གསུམ་འཐབ་ཏུ་ཡང་མ་བཅུག ཕྱི་རུ་ཡང་མ་གཏོང༌། ཁ་ཡང་མ་བཅད་ཅིག དེ་ལྟར་མ་བྱས་ན་ཆད་པ་གཅོད་ཟེར་ནས། རྫ་མ་དེའི་རྩར་གཤེད་མ་རལ་གྲི་ཐོགས་པ་གསོད་ངེས་པ་གསུམ་བཞག་གོ །འོ་ན་མི་དེ་ལ་ཐར་པའི་གླགས་ཡོད་དམ་ན། དེ་མི་བདོག་གོ །སྦྲུལ་གསུམ་པོ་དེས་མཐོང་ན་མཐོང་བའི་དུག་གིས་འཆི། རེག་ན་རེག་པའི་དུག་གིས་འཆི། ཁ་རླང་ཕོག་ན་ཕོག་པའི་དུག་གིས་འཆི། ཁ་བཅད་ཀྱང་གསོད། འཐབ་ན་ཡང་གསོད། ཕྱིར་ཐོན་ན་ཡང་གསོད། སྦྲུལ་མཐོང་ན་ཡང་ཁོ་བས་གསོད། ད་མི་དེ་ལ་མི་འཆི་བའི་གླགས་ཡོད་དམ་སྟེ་མེད་དོ། །དཔེ་དེ་བཞིན་དུ་ལུས་རྫ་མ་དང་འདྲ། ནད་སྦྲུལ་དང་འདྲ། སེམས་མི་དང་འདྲ། འཆི་བདག་གི་བདུད་རྩ་བ་ན་འདུག་པའི་གཤེད་མ་དང་འདྲ། དེ་ལྟར་སྦྲུལ་འདྲ་བའི་ནད་འཁྲུགས། མི་དང་འདྲ་བའི་སེམས་ཀྱིས་མི་ཐུབ། ཤོར་གྱི་དོགས་པའི་རྫ་མའི་ཁ་འདྲ་བའི། བུ་ག་དགུ་ནས་དབུགས་དང་རླུང་ཤོར། རྩ་བའི་གཤེད་མ་དང་འདྲ་བའི་འཆི་བདག་གི་བདུད་ཀྱིས་ཐར་པའི་གླགས་མེད། དེ་ལྟར་འོ་སྐོལ་ལ་མི་འཆི་བའི་གླགས་བསམ་ཐབས་ཤིག་གཏན་མི་བདོག་གོ །དེས་ནས་འཆི་བ་ལ་ཅིས་ཀྱང་མི་ཕན་པར་ཤེས་པར་བྱའོ།།    །།

      སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་ཡུལ་ཤི་ལ་ཏྲ་ཧེ་བྱ་བ་ན། རྒྱལ་པོ་དགེ་བའི་སྟོབས་ཆེན་བྱ་བ་ལ། ནོར་དང་རྫས་ཀྱིས་ཁང་ཁྱིམ་ཁེངས། སྔོན་གྱི་ལས་དང་སྨོན་ལམ་མ་དག་སྟོབས་ཀྱིས། བཙུན་མོ་དུག་ལ་མེ་འབར་ཁབ་ཏུ་བཞེས། ལོངས་སྤྱོད་ལྡན་ཏེ་བུ་དང་སྲས་མི་མངའ། དུས་དེ་ཙམ་ན་བློན་པོ་མ་རུང་སྐྱེས་ཞེས་བྱ་བ་ཞིག་མི་ལ་ཤིན་ཏུ་རྒྱ་གད་ཆེ་བ། ཐམས་ཅད་ཀྱི་མགོ་རྐང་ལུས་ལ་འཕྱ་བ་ཞིག་ཡོད་པ་དེ། ཚེ་འཕོས་ནས་བཙུན་མོ་དུག་མའི་ལྟོ་རུ་ཞུགས། དེས་ཟླ་བ་དགུ་ངོ་བཅུ་ལ་ཤིན་ཏུ་མི་སྡུག་པའི་རྒྱལ་བུ་ཞིག་འཁྲུངས། ཁ་འབག་གི་ཁ་བཞིན་རྣ་བའི་ལྟག་ཏུ་དོད་པ། སྣ་བྱ་ཕོའི་མཆུ་བཞིན་ཤིན་ཏུ་འགུག་ལ་རིང་བ། མིག་སྤྲེའུ་ཡི་མིག་བཞིན་དུ་ཁུང་དུ་སོང་བ། རོ་སྟོད་ཕག་བཞིན་དུ་སྒུར་བ། ལག་པ་ཆུ་བྱའི་ལག་བཞིན་དུ་སོང་བ། རྐང་པ་དོམ་བཞིན་དུ་གྱོལ་བ། འགྲོ་བ་གཙོད་མོའི་འགྲོས་སུ་འགྲོ་བ་ཤིན་ཏུ་བཞིན་མི་སྡུག་པ་ཞིག་འཁྲུངས་སོ། །ཡབ་ཡུམ་གཉིས་ཤིན་ཏུ་ངོ་ཚ་ནས། ཁྱིམ་དུ་སྦས་སོ། །བྲམ་ཟེའི་བུ་མོ་གཞའ་འོད་མ་དང་གཉེན་བསྡེབས་སོ། །མག་པ་དེ་ནི་སུས་ཡང་མཐོང་མི་སྲིད། ཆུང་མ་བླངས་ནས་མག་པ་ཐང་ལ་བཏོན། ཐམས་ཅད་སྔངས་ཤིང་སྐྲག་སྟེ་གད་མོ་འདེབས། ཁ་ལ་བལྟས་པས་འབག་བཞིན་ཨ་ཀ་ལོ། མིག་ལ་བལྟས་པས་སྤྲེལ་མིག་བཞིན་དུ་ཨ་ཀ་ལོ། སྣ་ནི་བྱ་མཆུ་བཞིན་དུ་ཨ་ཀ་ལོ། ལག་པ་ཆུ་བྱ་ཨ་ཀ་ལོ། རྐང་པ་དོམ་སྒྱིད་ཨ་ཀ་ལོ། རོ་སྟོད་ཕག་རྒྱབ་ཨ་ཀ་ལོ། མིང་ཡང་རྒྱལ་བུ་མཐོང་བ་སྐྲག་སྔངས་ཡིན། ཆུང་མ་བྲམ་ཟེའི་ཡུལ་དུ་བྲོས་ཏེ་སོང༌། རྒྱལ་བུ་དེ་དང་བཙུན་མོ་དུག་མ་གཉིས། ཅི་བྱེད་ཅི་ལ་མི་སྡུག་མི་ལ་གནོད་འགལ་ཆེ། བེལ་ལུག་བསད་ཅིང་ཤ་ཟ་ཁྲག་ཏུ་འཐུང༌། དགེ་ལ་མི་སྤྱོད་སྡིག་པ་སྣ་ཚོགས་བྱེད། རྒྱལ་པོ་དགེ་བ་བྱེད་པའི་ཐབས་རྣམས་གཅོགས། དེ་ནས་ཚེ་འཕོས་ལས་ངན་རྣམ་སྨིན་ལེན། སྲིད་པ་བར་དོའི་དུས་སུ་ལྷ་འདྲེས་རྒྱ་འདྲེ་བྱེད། ལྷན་ཅིག་སྐྱེས་པའི་ལྷས་ཡར་འཐེན་དགེ་བར་བསྒྲོག ལྷན་ཅིག་སྐྱེས་པའི་འདྲེ་ཡིས་མར་འཐེན་སྡིག་བྱས་སྨྲ། སྒྲ་སྐད་འཇིགས་པའི་འུར་སྒྲ་ཐུག་ཆོམས་ཀྱིས། ཤིན་ཏུ་སྐྲག་བསྔངས་བྲེད་དེ་འབྲོས་ས་མེད། འཆི་བདག་གཤིན་རྗེའི་རྒྱལ་པོས་ཀུན་གསལ་མེ་ལོང་སྟོན། རྩིས་ཀྱི་རྡོ་ལེབ་སྟེང་དུ་རྡེའུ་དཀར་ནག་བསྔོ། ལས་ངན་བསགས་པའི་དབང་གིས་ངན་སོང་སྡུག་བསྔལ་མྱོང༌། གསོན་ཚེ་རྟག་ཏུ་རེ་བའི་མ་སྨད་དམྱལ་ཁམས་སྐྱི་ཡང་འཕྱོ། དེ་ནས་གསོན་ཚེ་མི་ལུས་ཐོབ་པའི་ཚེ་འདི་ལ། དགེ་བ་སྣ་ཚོགས་ཕུན་སུམ་ཚོགས་པར་སྤྱོད། སྡིག་པ་ཕྲ་ཞིང་ཕྲ་བ་ཡང་དག་ངེས་པར་སྤོངས། ཞེས་གསུངས་སོ།།    །།སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །དགེ་སྡིག་མི་ཤེས་བླུན་རྨོངས་བབ་ཆོལ་དུ་སྤྱད་ན། གནས་ངན་བྱོལ་སོང་གི་རྒྱུ་གསོག་སྟེ། དེ་ཡང་རྒྱ་གར་གྱི་ཡུལ་དུ་གཤེན་གྱི་གནས་གཞི་ཆེན་པོ་ཞིག་ན། དྲང་སྲོང་བསམ་གྱིས་མི་ཁྱབ་པ་ཡོད། ཚོང་འདུས་ཆེན་པོ་ཞིག་ཡང་ཡོད་པས། གནས་གཞི་དེ་ན་ཤིན་ཏུ་གོ་ཆོད་པའི་སྤྱོད་པ་བྱས་པས། ཤིན་ཏུ་བླུན་པའི་སྒོ་བ་ནག་པོ་ཞེས་བྱ་བ། དགེ་སྡིག་ངོ་མི་ཤེས་པར་ཐམས་ཅད་ལ་གདོལ་ཐབས་སུ་རྡེགས་པ་ཕྱུགས་མ་དང་སེམས་ཅན་གྱི་སྲོག་གཅོད་པ་ལ་དགའ་བ། དེ་འདྲ་བ་ཞིག་གིས་རང་ལ་ཕན་པ་མེད་པར། གཏི་མུག་གིས་དབང་གིས་སྒོ་རྩ་དེ་བསྲུངས་ནས། གསོད་པ་དང་འཐེར་བ་དང་དོན་མེད་དུ་འཕྲོག་པ་ལས་སོགས་བྱེད་པ་ཞིག་ཡོད་པ་དེ། ནམ་ཞིག་ཚེ་འཕོས་ནས། བྱོལ་སོང་གི་འོག་གི་གླིང་གི་གནས་ན་ལས་ཀྱིས་སྦྱོང་བའི་བྱོལ་སོང་དུ་སྐྱེས། བུད་མེད་ཀྱི་ལུས་ལ་ཕག་གི་མགོ་བོ་ཅན་ཞིག་གི་ལུས་བླངས་ནས། སྡིག་པ་ནག་པོ་ལྕགས་ཀྱི་མཆེ་བ་ཅན་མང་པོས་ལུས་ལ་འཕུང་ཞིང་ཟ། གཅན་གཟན་ལྕགས་ཀྱི་མཆེ་བ་ཅན་མང་པོས་ལུས་ཀྱི་ཤ་ལ་འདྲེད། རི་དྭགས་མཚོན་ཆའི་ར་སྨིག་ཅན་མང་པོས་བརྡུང་ཞིང་སྲོག་ཡང་གཅོད། འཇིགས་ཤིང་འབྲོས་པར་དྲན་ཡང་དོག་ཅིང་བཙེར་བས་འབྲོས་དབང་མེད། མུན་པའི་སྨག་རུམ་ཆེན་པོས་གཏིབས་པས། སྣང་བའི་གོ་སྐབས་མེད། རྣག་ཁྲག་ཤ་རུལ་མཚོ་ལས་མི་ཐོན་ཤིན་ཏུ་སྦྱོང༌། མི་གཙང་འདམ་དང་བམ་སྔོས་ནད་ཀྱི་ཟུག་རྔུ་ལྡང༌། གནས་ངན་དེ་ནས་མི་ཐོན་པར། བསྐལ་པ་ཆེན་པོར་སྦྱངས་པར་གྱུར། དེ་ནས་ལས་ངན་དེའི་ཁ་བཏུས་ནས། མཐའ་འཁོབ་མི་ཡི་ལུས་ཤིག་ཐོབ་སྟེ། ཐོལ་གྱིས་སྐྱེས་ནས་ནད་ཀྱིས་གདུང་ཅིང་སྦྱངས། ཁོང་པ་སྐྲན་དང་དམུ་ཆུས་ཁེངས་པ། ཚིགས་མིག་ཐམས་ཅད་ཕྱིར་བྱུང་བ། མཁལ་མ་སུར་ཡ་དང༌། གློ་ཟུར་ཡའི་ནད་ཀྱིས་རྣག་ཁྲག་རྒྱུན་མི་འཆད་པར་འཛག ཕན་པའི་ཟས་ནི་བཙལ་དང་མི་རྙེད། འབྲུ་དང་སྐྱེད་མོ་ཚལ་ཀྱི་མིང་ནི་འཁྲུངས་མི་སྲིད། མོ་བོན་སྨན་དཔྱད་མཁན་ནི་མིང་མི་སྲིད། བུ་སྨད་ཉེ་དྲུང་ཤིན་ཏུ་སྡང་ནད་ཀྱིས་གདུངས་ཀྱིན་སྡུག་པ་དང་ནི་ཐབས་སུ་སྲན་པ་ལས་མེད། ཤིན་ཏུ་སྡུག་ཅིང་བསྔལ་བས་ཚེ་རིང་སྦྱངས་བར་གྱུར། དེ་དང་མཚུངས་པར་གླེན་རྨོངས་ཀྱི་སྤྱོད་པ་དོར་ལ། དགེ་བའི་ཕྱོགས་སུ་ཅུང་ཞིག་མ་ཞུགས་ན། འུ་ལ་སང་གནང་འགྱོད་པས་མི་ཕན་མི་ཐོན་འདམ་དུ་སྦྱོང༌། །དེ་ནས་ཉམ་ངའི་སྤྱོད་པ་སྤངས་པར་བྱས་ལ། ཐར་པའི་ཕྱོགས་སུ་ཁ་ལྟའོ་གསུངས་སོ།།  །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།