ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

          སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །རྒྱ་གར་གྱི་ཡུལ་ཡངས་པ་ཅན་བྱ་བ་ན། གཤེན་རབ་ཀྱི་གནས་གཞི་ཆེན་པོ་ཞིག་ན། དྲང་སྲོང་ལོག་བྱེད་སྲེད་པ་ཅན་ཞེས་བྱ་བ་ལེགས་པའི་འདུལ་ཁྲིམས་རྒྱབ་ཏུ་བོར་ནས། སྡོམ་ཁྲིམས་འཆལ་བའི་ལས་བྱས། ལུས་ཀྱིས་སྲོག་གཅོད་མ་བྱིན་པར་ལེན། ངག་གིས་ངག་འཁྱལ་ཚིག་རྩུབ་རྫུན་དང་འཕྲ་མ་སྣ་ཚོགས་སྨྲས། ཡིད་ཀྱིས་མངན་སེམས་གནོད་སེམས་ལོག་པར་ལྟ་བ་སྣ་ཚོགས་ལ་སྤྱད་པས་དྲང་སྲོང་གི་ཚུལ་དུ་ན་བཟའ་རིས་དྲུག་སྐུ་ལ་གསོལ། །དེ་ལྟར་མཚམས་མེད་ལྔ་ལ་སྤྱོད་པའི་དྲང་སྲོང་སྲེད་ཅན་དེ། འདི་ནས་ཚེ་འཕོས་དམྱལ་བའི་སྣང་བ་སྐད་ཅིག་མ་ལ་ཤར། འཇིགས་པའི་གཅན་གཟན་མང་པོས་མཐའ་མ་བསྐོར། འདབ་ཆགས་ཤ་ཟན་མང་པོས་སྟེང་ནས་འཇུམ་ཞིང་ལྡིང༌། ཚོགས་དྲུག་ཡུལ་དུ་སྣང་བ་འཁྲུལ་དབང་གིས་མི་ལུས་འབྲུག་གི་མགོ་ཅན་དང༌། ཆུ་སྲིན་མགོ་ཅན་སྟག་དང་སེང་གེ་དང་བྱ་དང་རི་དྭགས་དང༌། གཡུང་དྭགས་ཀྱི་མགོ་ཅན་མང་པོས་ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། ཁ་ནས་སོད་ཆོད་ཀྱི་སྒྲ་སྣ་ཚོགས་སྒྲོགས་ཤིང་མཐུར་ལ་དྲུད་ནས་ཁྱེར་རོ། །ཤིན་ཏུ་འཇིགས་ཤིང་སྐྲགས་པས། སྐྱོབ་པའི་མི་ཡང་མེད། འཁྲས་པའི་ས་ཡང་མེད། འབྲོས་པའི་ཡུལ་ཡང་མེད། དམྱལ་ཁམས་བཅོ་བརྒྱད་ལ་ཁྲིད་དེ་སྡུག་བསྔལ་དྲག་པོས་སྦྱངས། འདོད་ཆགས་སྤྱོད་པའི་དབང་གིས། གནས་ལྕགས་ཀྱི་ཤ་མ་རི། རྫུན་དུ་སྨྲས་བའི་དབང་གིས་ལྕེ་ལ་བསྒལ་གྱིས་རྨོ། མ་བྱིན་བླངས་པའི་དབང་གིས་འབྲས་བུ་ཟངས་ཞུན་ཁོལ་མ་བླུགས། སྲོག་ཆགས་བསད་པའི་དབང་འབྲས་རྣམ་སྨིན་ནི། འདབ་ཆགས་མགོ་ཅན་རྣམས་ནི་དབང་པོའི་རྟེན་ལ་འཐོག རི་དྭགས་གཅན་གཟན་མགོ་ཡིས་ལྕེ་སྙིང་ཡན་ལག་འབྲེག ཕྲ་མའི་དབང་གིས་ལྕགས་མཁར་འབར་བ་རུ། མེ་འོབས་འདམ་དོང་ཁང་རུམ་འབར་བར་སྦྱོང༌། ཐོ་ཆེན་ཐིག་ནག་སོག་ལེ་གསོར་ཆེན་འབུག་ཅིང་གཅོད། བྲག་ཆེན་འཐབ་དང་ཟངས་ཆེན་ནང་དུ་འཚོད། བསྐལ་པ་ཆེན་པོ་གཅིག་ཏུ་འཚོད་ཅིང་བཟོད་གླགས་མེད། དེ་ནས་འཕོས་ཤིང་གྲང་བའི་གནས་སུ་སྦྱོང༌། གངས་ཕུག་རླུང་ནག་འཁྱགས་རུམ་ཆེན་པོ་དང༌། ཨ་ཆུ་ཆུ་དང་ཀྱི་ཧུད་སོ་འཐམས་དང༌། པད་མ་ལྟར་དང་པད་མ་ཆེན་པོ་དང༌། ཨུད་དཔལ་ལྟར་དང་ཨུད་དཔལ་ཆེན་པོ་ཡིས། སྡུག་བསྔལ་དྲག་པོས་སྡུག་ཅིང་བཟོད་གླགས་མེད། སྐད་ངན་མྱ་སྒྲ་ངུ་མོ་སྣ་ཚོགས་འབོད། དྲང་སྲོང་ལུས་ལ་དམྱལ་ཁམས་འཇིགས་པར་སྨིན། དེ་འདྲའི་སྡུག་བསྔལ་བདག་གིས་མི་བཟོད་པ། ད་ལྟའི་དུས་ན་བདག་གིས་འབད་པར་བྱ། རྣམ་སྨིན་ཆེན་པོའི་རྒྱུ་ལ་བདག་གིས་འཛེམ་པར་བྱ། ཞེས་སོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།