ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་བཞི་པ།

དེ་རིང་སྟེ་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༣ པའི་ཚེས་ ༢ ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་བཞི་པར་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྤོས་རྒྱས་སྣ་དྲངས་ཏེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་རིམ་པར་གཙུག་ལག་ཁང་གསར་པར་གདན་འདྲེན་ཞུས། དེའི་རྗེས་བཀའ་རམས་པ་གེབ་ཆེན་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་རྒྱ་མཚོ་ལགས་དང་། བཀའ་རམས་པ་གླིང་ཚང་དྲང་སྲོང་ཡེ་ཤེས་ཐབས་མཁས་རབ་གསལ་ལགས། བཀའ་རམས་པ་རྒྱུན་འཕྲུག་དྲང་སྲོང་ཡོན་ཏན་རྒྱ་མཚོ་ལགས་རྣམ་པ་གསུམ་ནས་སྔོན་འགྲོའི་བཤད་པ་གྱེར་ཞིང་། གཟབ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། ཉིན་གུང་ཆུ་ཚོད་ ༡༢ ཐོག་བཀའ་རམས་པ་རྣམ་པ་གསུམ་གྱིས་གཏོང་སྒོ་ཆེན་མོ་དང་། ཕྱི་དྲོའི་ཕྱག་ཚོད་ ༣ པའི་ཐོག་བཀའ་རམས་པ་རྣམ་པ་གསུམ་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཇ་དང་། བཞེས་བྲོ་འདེགས་འབུལ་ཞུས་པ་བཅས་ཀྱི་གསར་གནས་བཅས།

གེབ་ཆེན་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་རྒྱ་མཚོ་ནི། ཕྱི་ལོ་ ༡༩༩༡ ལོའི་ཟླ་བ་ ༡ ཚེས་ ༡༥ ཉིན་སྐྱེས་ཤིང་།  ཆུང་དུས་འབྲོག་པའི་འཚོ་བ་ལ་རོལ་ཞོར་ཡི་གེ་འབྲི་ཀློག་སོགས་སྦྱངས། ༢༠༠༥ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འབྱོར། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་གཙོས་གདན་ས་འདིའི་མཁན་སློབ་རྣམ་པའི་གསེར་ཞལ་མཇལ་ཏེ་རབ་ཏུ་བྱུང་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་བསྡུས་རྟགས་ཚད་མ་ནས་བཟུང་མདོ་སྔགས་རྫོགས་གསུམ་དང་ཐུན་མོངས་རིག་གནས་བཅས་ལ་སློབ་གཉེར་གནང་། ཕྱི་ལོ་ ༢༠༠༩ ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་ཟུང་ཞལ་འཛོམས་དྲུང་ནས་དྲང་སྲོང་གི་ཁྲིམས་ཆེན་ནོད། དེ་བཞིན་ ༢༠༡༣ ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དུ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་ནས་དམིགས་བསལ་བཀའ་དབང་བསྩལ་གནང་མཛད་སྐབས་བོན་སྒོ་ཕྱི་ནང་གསང་བའི་བཀའ་དབང་དུ་མ་ཐོབ། ཕྱི་ལོ་ ༢༠༡༩  ལོར་བཤད་གྲྭའི་དཔེ་ཁྲིད་རྫོགས་རྗེས་སླར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་རྫོགས་ཆེན་རྒྱུད་སྡེ་བཞིའི་མ་བུ་ཆ་ལག་བཅས་ཀྱི་ཁྲིད་ལུང་ཐོབ་པ་དང་། ༢༠༢༢ ལོར་སྒྲུབ་ཐོན་བྱུང་སྟེ་ལོ་དེའི་སྟོན་པའི་དུས་ཆེན་ཉིན་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས་ཤིང་བཀའ་རམས་པའི་མཚན་བཏགས།  གཞན་ཡང་ལོ་དེར་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་པའི་ཐོག་མཉམ་ཞུགས་བྱས་ཏེ་དཔྱད་རྩོམ་སྒྲོག་སྦྱང་གནང་། ༢༠༢༢ ལོར་སྟོན་པའི་དུས་ཆེན་ཉིན་བཀའ་རམས་པའི་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུས་ཤིང་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«འཛིན་མེད་རང་གསལ་»ཞེས་བསྩལ། འདི་ལོར་དངོས་སུ་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

བཀའ་རམས་པ་གླིང་ཚང་དྲང་སྲོང་ཡེ་ཤེས་ཐབས་མཁས་རབ་གསལ་ནི། ཕ་གླིང་གཡུང་དྲུང་ནོར་བུ་དང་མ་འབྲུག་སྐྱིད་གཉིས་ལས་ ༡༩༨༧  ཟླ་བ་ ༡ ཚེས་ ༢ ཉིན་མཁར་ནག་གྲོང་ཚོར་སྐྱེས།  ལོ་ངོ་ལྔ་དྲུག་ཟིན་སྐབས་ཡི་གེ་ཀློག་འདོན་སྦྱངས་ནས་བརྒྱད་དགུ་ཙམ་དུས་བོན་གྲལ་དུ་བཞུགས་པ་དང་ཨ་མྱེ་གླིང་ཚེ་རིང་དབང་རྒྱལ་དྲུང་ནས་ཡིད་དམ་ཞི་དབལ་གཉིས་དང་བོན་སྐྱོང་སྡེ་དྲུག་སོགས་ཀྱི་ཆོ་གའི་འཕྲིན་ལས་བསླབས། ལོ་ངོ་བཅུའི་ཐོག་མེ་སྟོན་གནམ་ལྷ་རིན་པོ་ཆེའི་མདུན་ནས་ཡབ་སྲས་སྔོན་འགྲོ་ཞུས། བར་དེར་ཡིད་དམ་གསས་མཁར་མཆོག་ལྔ་དེ་བཞིན་སྟག་ལ་སྤྱི་འདུལ་སོགས་ཀྱི་ཕྲིན་ལས་སྦྱངས་ནས་ཡུལ་མིའི་རེ་འདོད་བཞིན་ལོ་ངོ་དུ་མར་གྲོང་ཆོག་གི་སྔགས་བོན་བྱས། ལོ་བཅུ་བཞི་དང་བཅོ་ལྔ་ནས་ལོ་ཉི་ཤུ་བར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་། བླ་མ་གཙུག་ཕུད་རིན་པོ་ཆེ། གར་ཙ་དགེ་བཤེས་གཡུང་དྲུང་རྒྱལ་མཚན། རྒྱ་མཚོ་རིན་པོ་ཆེ་བཅས་བླ་མ་དུ་མའི་མདུན་ནས་གདམ་ངག་གང་ཟབ་དང་གཙང་གཙུག་གི་སྡོམ་ཁྲིམས་ཞུས་ནས་ཚུལ་མིང་ཚུལ་ཁྲིམས་དྲི་མེད་བཏགས། ཕྱི་ནང་འཁོར་འདས་རུ་ཤན་དང་རྩ་རླུང་མུན་མཚམས་ཐོད་རྒལ་སོགས་ལ་སྦྱངས་པ་གནང་། སྤྱི་ལོ་ ༢༠༠༥ ལོ་བལ་ཡུལ་དུ་འབྱོར་ནས་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་གསེར་ཞལ་མཇལ་ཏེ་སྒྲིགས་སུ་ཞུགས་པ་དང་། སྐྱབས་རྗེ་མཁན་སློབ་རྣམ་པའི་བཀའ་དགོངས་བཞིན་དགོན་འདིའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་ཞུགས་ནས་འདི་ལོ་ ༢༠༢༣ བར་ཁྱོན་ལོ་བཅོ་བརྒྱད་ཙམ་རིང་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་ཐོས་བསམ་གནང་། ཕྱི་ལོ་ ༢༠༢༢ ལོར་བཀའ་རམས་པའི་མཚན་བཏགས་གནང་ཞིང་ལོ་དེའི་སྟོན་པའི་དུས་ཆེན་ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་པ་དང་། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«ཀུན་ཁྱབ་སྙིང་པོ་»ཞེས་གནང་། ད་ལན་དངོས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

 བཀའ་རམས་པ་རྒྱུན་འཕྲུག་དྲང་སྲོང་ཡོན་ཏན་རྒྱ་མཚོ་ནི། ཁྱུང་པོ་སྟེང་ཆེན་རི་གཞུང་དུ་ཕྱི་ལོ་ ༡༩༨༢ ལོར་སྐྱེས། ཆུང་ནས་ཕ་མ་རྣམ་གཉིས་ཀྱིས་གཅེས་པར་སྐྱོང་ཞིང་ཀ་ཁ་སོགས་ཀློག་འདོན་བསླབས། ཆེར་སྐྱེས་པ་དང་རང་དགོན་གཡུང་དྲུང་བསྟན་གྲགས་གླིང་གི་ཚོགས་གྲྭར་ཞུགས་ནས་གོ་སེ་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་རིན་པོ་ཆེའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས།  ཨ་ཞང་བླ་མ་ཚུལ་ཁྲིམས་བསྟན་རྒྱལ་རིན་པོ་ཆེ་རང་ཡུལ་དུ་གཞིས་སྐོར་ཕེབས་པ་དང་སྟབས་བསྟུན། གཙང་བཀྲ་ཤིས་སྨན་རི་དགོན་པར་ཕྱིན་ནས་སྨན་རིའི་སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་དང་རི་ཁྲོད་དགོན་གྱི་དབུ་བླ་ཡོན་ཏན་ཕུན་ཚོགས་རྒྱ་མཚོ་རྣམ་པ་གཉིས་ཀྱི་མདུན་དུ་ ༡༩༩༩ ལོར་རབ་བྱུང་ཞུས་ཤིང་གྲྭ་ས་སྨན་རིར་སྒྲིག་ཞུགས་བྱས། གྲྭ་ས་བཀྲ་ཤིས་སྨན་རིའི་བཤད་གྲྭར་ཟླ་ཤས་ཞུགས། རང་ཡུལ་ཕྱོགས་སུ་སོང་ནས་རང་དགོན་གཡུང་དྲུང་བསྟན་གྲགས་གླིང་གི་བླ་མའི་ཞབས་ཕྱི་ལོ་མང་བྱས་ཤིང་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་བྱས། དེ་ནས་ཧོར་ཡུལ་དུ་སོང་ནས་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེ་ཞལ་མཇལ་ཏེ་འཕོ་ཁྲིད་དང་སེམས་ཁྲིད་ཞུས། ཕྱི་ལོ་ ༢༠༠༥ ལོར་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སློབ་གླིང་འདི་རུ་སྨྲ་དབང་ཡོངས་འཛིན་བླ་མའི་ཐུགས་བསྐྱེད་ཀྱི་གུར་ཁང་འོག་དངོས་སུ་ཚུད་ཅིང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭར་ཞུགས། དགོན་འདིའི་མཁན་སློབ་རྣམ་པའི་ཐུགས་རྗེའི་སྐྱབས་འོག་ཏུ་ལོ་མང་རིང་བཤད་གྲྭའི་སྒྲིག་ཁོངས་སུ་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་གནང་བའི་ཞོར་བཤད་སྒྲུབ་འདུས་སྡེའི་བདུན་རེའི་རྩོམ་རྒྱུགས་དག་བཅོས་དང་། བགྲོ་གླེང་གོ་སྒྲིག་བཅས་ལ་འགན་ཁུར་ལོ་མང་གནང་ཞིང་ཡར་རྒྱས་དང་སྐུལ་འདེད་ལ་འབད་བརྩོན་གང་ཐུབ་ཞུས། བཤད་གྲྭའི་ལོ་ཚད་དུས་ཡུན་རྫོགས་ནས་ ༢༠༡༩ ལོར་སྒྲུབ་གྲྭར་ཞུགས་ཤིང་ ༢༠༢༢ ལོར་སྒྲུབ་ཐོན་བྱུང་སྟེ་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་ཐོབ། གཞན་ཡང་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་གི་ཚོགས་མི་བྱས་ཏེ་ལོ་བཅུ་ཕྲག་ལྷག་ཙམ་རྩོམ་སྒྲིག་གི་ལས་དོན་བསྒྲུབས་པ་དང་། དེང་ཆར་གཙོ་སྒྲིག་པ་བྱས་དང་བྱེད་མུས་ཡིན། བགྲེས་གཏམ་གཙོ་སྒྲིག་པའི་འགན་ཁུར་ཐོག་བགྲེས་པོའི་འབེལ་གཏམ་ཕྱོགས་བསྒྲིགས་ཀྱི་ལས་དོན་བསྒྲུབས་པ་དང་།  རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཐེངས་བཞི་པ་འཚོགས་སྐབས་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་གོ་སྒྲིག་པའི་འགན་ཁུར་ཏེ་སྐྱབས་རྗེ་མཁན་རིན་པོ་ཆེའི་བཀའ་དགོངས་བཞིན་བསྒྲུབས། གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བོན་རིག་པའི་བགྲོ་གླེང་ཐེངས་གསུམ་ཙམ་ཚོགས་རྒྱུ་བྱུང་བ་དག་གི་གཙོ་འགན་གྱི་ཞབས་ཞུ་བསྒྲུབས་པ་དང་། བོན་རིག་པའི་བགྲོ་གླེང་ཐེངས་གཉིས་པའི་ཚོགས་འདུར་དཔྱད་རྩོམ་སྒྲོག་སྦྱང་ཞུས། ཕྱི་ལོ་ ༢༠༢༢ ལོར་བཀའ་རམས་པའི་མཚན་བཏགས་པ་དང་། ཕྱི་ལོ་ ༢༠༢༣ ལོའི་སྟོན་པའི་དུས་ཆེན་ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«བདེ་ཆེན་རང་གསལ་»ཞེས་བསྩལ། འདི་ལོར་དངོས་སུ་རམས་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 433 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་སྟེ…
error: རྩོམ་འདི་བདག་དབང་ཅན་ཡིན།