ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེར་ཐེངས་ཉེར་བརྒྱད་པའི་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་བཞིན་པའི་སྐོར། 

ཚད་མའི་རིགས་སྒྲ་ཆེན་མོ་ནི་མཚན་ཉིད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འཇགས་སུ་འཚོགས་དང་འཚོགས་བཞིན་ཡོད་པ་དང་འདི་ལོར་ཚོགས་ཐེངས་ཉེར་བརྒྱད་པར་དེའང་ཚོགས་བཞིན་པ་ཡིན།  དེ་ཡང་མདོ་དྲི་མེད་ལས། གང་དག་བཀའ་ལས་འབྱུང་གྱུར་པ། །དེ་དག་རིག་པས་གཞལ་མེད་ན། །དོན་གྱི་སྙིང་པོ་གང་ལ་མཆིས། དེ་ཕྱིར་རིག་གཞལ་དོན་ཡོད་བྱ། །ཞེས་དང་། རྒྱལ་བ་མཉམ་མེད་ཆེན་པོའི་ཞལ་ནས། དགག་སྒྲུབ་ཚུལ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་བསྟོད་འོས་ཏེ། །བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། །བསྟན་པ་དེ་ཡིས་འཛིན་པ་ཡིན། །ཞེས་གསུང་པ་ལྟར་ཚད་མའི་གཞུང་ལུགས་འདི་ཉིད་བཀའ་དང་བཀའ་བརྟེན་སྤྱི་ཡི་དགོངས་པ་འགྲེལ་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་ཞིང་། ལྷག་པར་དུ་བོན་གྱི་གཞུང་ལུགས་ནང་ཚད་མའི་སྐོར་མདོ་སྔགས་སེམས་གསུམ་ཀུན་ལ་ཁྱབ་ཡོད་སྟབས་ཚད་མའི་རིགས་འགྲོས་འདི་གཞུང་ལུགས་ཀྱི་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་ཆགས་ཡོད་པར་བརྟེན། འདི་ལོ་བོད་ལྕགས་ཡོས་ལོའི་ཧོར་ཟླ་༡༠་པའི་ཚེས་༡དང་ཕྱི་ལོ་༢༠༢༣ཟླ་༡༡པའི་ཚེས་༡༤ཉིན་ནས་བཟུང་བདུན་གསུམ་རིང་ཚད་མའི་རིགས་སྒྲ་ཆེན་མོ་ཚོགས་བཞིན་པ་དང་། སྔར་རྒྱུན་བཞིན་མཚན་ཉིད་སྒྲིག་ཁོངས་ཀྱི་སློབ་གཉེར་བ་རྣམས་གླིང་ཚན་སོ་སོར་བགོས་ཏེ་སྔ་དྲོའི་ཕྱག་ཚོད་༨ནས་༡༠བར་འཆད་ར་དང་དེ་རྗེས་གླིང་ཚན་སོ་སོའི་དགེ་རྒན་ཀྱི་དྲུང་དུ་དཔེ་ཁྲིད་ཀྱི་དུས་ཚོད་ཡིན། གླིང་ཚན་དང་པོའི་དཔེ་ཁྲིད་རྒན་ལགས་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ་མཆོག་དང་། གླིང་ཚན་གཉིས་པའི་དཔེ་ཁྲིད་རྒན་ལགས་རྩ་འཛིན་སློབ་དཔོན་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། གླིང་ཚན་གསུམ་དང་བཞི་པའི་དཔེ་ཁྲིད་རྒན་ལགས་རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་ཕུན་ཚོགས། གླིང་ཚན་ལྔ་པ་དང་དྲུག་པའི་དཔེ་ཁྲིད་རྒན་ལགས་རྩ་འཛིན་སློབ་དཔོན་དགེ་བཤེས་ལུང་རྟོགས་རྒྱ་མཚོ། གླིང་ཚན་བདུན་པའི་རྒན་ལགས་རྩ་འཛིན་སློབ་དཔོན་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། གླིང་ཚན་བརྒྱད་པའི་རྒན་ལགས་རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་ལགས་བཅས་ནས་ཕྱག་ཚོད་གཅིག་རིང་དཔེ་ཁྲིད་དང་། ཕྱི་དྲོ་གླིང་ཚན་རེས་མོས་ཀྱི་ཐུག་ཆུང་ཆུ་ཚོད་གཅིག དགོང་མོར་དམ་བཅའ་གང་བབ་རྒྱན་ཤོག་འཐེན་སྟེ་ཆུ་ཚོད་གསུམ་རིང་དམ་བཅའ་ཚོགས་དགོས་པ་དང་། རྗེ་རིན་པོ་ཆེའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་སྦྱང་བྱ་གཙོ་བོར་བཞག་སྟེ། དེ་འབྲེལ་དཔེ་ཆ་དྲན་པའི་རྣམ་འབྱེད་འཕྲུལ་ལྡེ། མན་ངག་ལུང་གི་ཚད་མ། གཏན་ཚིགས་ངེས་པའི་གལ་མདོ། འགྲོ་མགོན་གྱི་ཚད་མ་ཀུན་བཏུས་སོགས་ཞང་བོད་ཀྱི་གནའ་རབས་ཀྱི་མཁས་གྲུབ་ལོ་པཎ་རྣམ་ཀྱིས་མཛད་པའི་ཚད་མ་རིག་པའི་གཞུང་ལུགས་རྣམས་ཀྱིས་ཟུར་བརྒྱན་ཏེ་དམིགས་བསལ་རྩོད་སྦྱོང་དང་དམ་བཅའ། མཐར་གླིང་ཚན་སོ་སོས་རིགས་ལམ་འགྲན་རྩོད་ཀྱི་ཐུག་ཆེན་རྒྱག་རྒྱུ་བཅས་སོ།། 

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༣ ༡༡ ༢༥ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 461 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
      མོན་…
error: རྩོམ་འདི་བདག་དབང་ཅན་ཡིན།