གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་༧སྐྱབས་རྗེ་ཡོངས་འཛིན་བདེ་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་ཞུ་བཞིན་པ།
ས་ག་ཟླ་བའི་ཚེས་ ༡༦ གཟའ་ཕུར་བུ། ཕྱི་ལོ་ ༢༠༢༥ ༦ ༡༢ ཉིན་ཞོགས་ཀ་ཆུ་ཚོད་ ༧། ༤༥ ཐོག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་བདག་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དབེན་གནས་བྱེ་མ་རི་ཁྲོད་ནས་དགོངས་པ་གཞན་དོན་དུ་སྐུ་གཤེགས་རྗེས། ཕྱི་དྲོ་ཆུ་ཚོདགསུམ་པར་འཛམ་གླིང་གི་བརྒྱུད་ལམ་ཁག་ནས་ཡོངས་བསྒྲགས་གནང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ནས་བླ་མ་མཆོད་པ་དང་གསོལ་འདེབས་གསུངས། བྱེ་མ་རི་ཁྲོད་དུ་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་ཉིད་ཀྱི་ཐུགས་དམ་རྫོགས་ཆེན་གྱི་གཞུང་གསུངས།
ས་ག་ཟླ་བའི་ཚེས་ ༡༧ གཟའ་པ་སངས། ཕྱི་ལོ་ ༢༠༢༥ ༦ ༡༣ ཉིན།
ཞོགས་ཀ་ཆུ་ཚོད་ ༦ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུ་བཞུགས་ཐོགས་གྲྭ་མང་རྣམ་པས་རྩ་བའི་བླ་མའི་ཐུགས་དམ་བླ་མེད་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་གསུངས་ནས་ཞོགས་ཇ་བཞེས་རིང་སྐྱབས་རྗེ་མཁན་རིན་པོ་ཆེས་གདུང་མཆོད་ཞུ་སྟངས་སྐོར་ནས་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྐྱངས་ཤིང་། རྩ་བའི་བླ་མས་ཙུག་ཙུག་རུག་རུག་བྱས་བཞག་པ་དེ། ད་ང་ཚོས་རྒྱུན་སྐྱོང་གནང་རྒྱུ་ཕྲག་ཏུ་བབ་པ་ཡིན། ཞེས་སོགས་གསུངས།
ཚོགས་ཆེན་དགེ་སྐོས་ལགས་ནས་ཀྱང་མཛད་འཆར་གསལ་བསྒྲགས་གནང་། བྱེ་མ་རི་ཁྲོད་དུ་མཁན་སློབ་དང་རྩ་འཛིན་སློབ་དཔོན་རྣམ་པས་མ་རྒྱུད་ཚོགས་འཁོར་གསུངས། བསླབ་པ་རྒན་གྲས་འགས་རྫོགས་ཆེན་གྱི་གཞུང་དག་ཀློག་གནང་།
སྐབས་བབ་ལས་བྱེད་རྣམ་པས་སྣེ་ཁྲིད་དེ་གྲྭ་མང་བྱིངས་ཀྱིས་གདུང་མཆོད་གོ་སྒྲིག་ཞུས། སྔ་དྲོའི་ཆུ་ཚོད་བརྒྱད་དང་། དགོང་མོའི་ཆུ་ཚོད་བརྒྱད་ཐོག་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་དུ་རྩ་བའི་བླ་མའི་སྐུ་པར་མཐོང་གྲོལ་རིན་པོ་བཤམ་པའི་མདུན་དུ་བླ་མ་མཆོད་པ་གསུངས། གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་མང་རྣམས་སྔ་དྲོ་ཕྱི་དྲོ་ཚོ་གཉིས་བྱས་ཏེ་རིན་པོ་ཆེའི་དབེན་གནས་བྱེ་མ་རི་ཁྲོད་དུ་ཕེབས་ནས་གདུང་ཤུགས་དྲག་པོས་རྩ་བའི་བླ་མའི་གསོལ་འདེབས་གྱེར་བཞིན གཟིམ་ཁང་ཕྱི་ནས་མཇལ་ཁ་བྱིན་རླབས་ཞུས། ཉེར་བཅར་དད་ལྡན་མི་མང་རྣམས་ཕྱག་སྐོར་མཆོད་འབུལ་ལ་རབ་ཏུ་བརྩོན། གཙུག་ལག་ཁང་རྙིང་པའི་ནང་མཆོད་བཤམ་ལེགས་པར་བགྱིས་ཏེ་དད་ལྡན་རྣམས་སྒོམ་སྒྲུབ་ལ་འབད།
ས་ག་ཟླ་བའི་ཚེས་ ༡༨ གཟའ་པ་སྤེན་པ། ཕྱི་ལོ་ ༢༠༢༥ ༦ ༡༤ཉིན།
གཙུག་ལག་ཁང་དུ་གྲྭ་མང་གིས་ཞི་ཁྲོ་རིག་འཛིན་འདུས་པའི་ཚོགས་འཁོར་དང་། དབུ་རྩེ་ཁང་བླ་བྲང་དུ་མ་རྒྱུད་ཚོགས་འཁོར་གསུངས་ཤིང་། དགོན་གྱི་འཆམ་རའི་གོང་དུ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཤམ་པའི་མདུན་དུ་མཆོད་བཤམ་ལེགས་པར་བགྱིས་ཏེ་གོང་ནས་དར་ཚོན་སྣ་ལྔའི་གདུགས་ཐག་འཐེན། སྔ་དྲོ་ཉིན་གུང་དགོང་མོ་བཅས་བླ་མ་མཆོད་པ་གསུངས།
ས་ག་ཟླ་བའི་ཚེས་ ༡༩ གཟའ་ཉི་མ། ཕྱི་ལོ་ ༢༠༢༥ ༦ ༡༥ ཉིན།
གཙུག་ལག་ཁང་དུ་གྲྭ་མང་གིས་དྲན་པ་ཕྱི་ནང་གསང་བའི་སྒྲུབ་པ་ལྟར་ཚོགས་མཆོད་རྒྱས་འབུལ་དང་། བླ་མ་མཆོད་པ་སྔ་དགོང་དུས་གསུམ། གདུང་མཆོད་ཆེད་དུ་བཅར་བའི་དད་ལྡན་རྣམས་ཀྱིས་རྣམ་ལྔའི་མཆོད་འབུལ་དང་སྐོར་ཕྱག་ཆད་མེད་གནང་བཞིན་པ་བཅས་གདུང་མཆོད་ཞག་གསུམ་གྱི་གནས་བསྡུས་སུ་
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༥ ༦ ༡༥ ཉིན།
པར་ལེན་པ་ཁྱུང་རྒོད།
༧སྐྱབས་རྗེ་ཡོངས་འཛིན་དམ་པའི་གདན་ས་བཞི་པ་གཤེན་བསྟན་དར་རྒྱས་གླིང་ནས་དགོངས་རྫོགས་མཆོད་འབུལ་ཞུས་པའི་གནས་བསྡུས།
ཉེ་ཆར་བལ་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ཡིད་སྐྱོའི་གནས་ཚུལ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ནས་༧སྐྱབས་རྗེ་རྩ་བའི་བླ་མའི་གདན་ས་བཞི་པ་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་གི་འདུས་པ་སྤྱི་ནས་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་༧སྐྱབས་རྗེ་བདེ་བར་གཤེགས་པ་སྨན་རིའི་ཡོངས་འཛིན་ཆེན་མོའི་གདུང་མཆོད་དུ་འདི་ཟླའི་ཕྱི་ཚེས་༡༢ནས་བཟུང་དགུང་ཞག་གསུམ་གྱི་རིང་འདུལ་བའི་མཁན་པོ་དགེ་བཤེས་བསམ་གཏན་གཙུག་ཕུད་ཀྱིས་དབུ་འདྲེན་འོག་ཕྱི་གླིང་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོན་གྱི་ཉམས་ལེན་པ་ཉིས་བརྒྱ་མ་ཟིན་ཙམ་གྱིས་བརྙན་ལམ་བརྒྱུད་མཉམ་ཞུགས་ཞུས་ཏེ། མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་ཀྱི་མར་མེ་སྨོན་ལམ་དང་། བླ་མ་མཆོད་པ། མ་རྒྱུད་དགོངས་སྤྱོད་རྣམ་གསུམ། གསོལ་འདེབས་བཅས་དབྱངས་སུ་གྱེར་ནས་གདུང་ཤུགས་དྲག་པོས་རྣམ་ལྔའི་མཆོད་པ་རྒྱས་འབུལ་ཞུས་པ་དང། ཀུན་ཏུ་བཟང་པོའི་དགོངས་ཀློང་དུ་ཐུགས་དམ་བསྲེས་ནས་བྱིན་རླབས་ཞུས། ཡང་སྒོས་འདི་ཟླའི་ཕྱི་ཚེས་ ༡༤ དགུང་ཞག་གསུམ་པར་སྔ་དྲོའི་ཕྱག་ཚོད་༡༠པའི་ཐོག་༧སྐྱབས་རྗེ་མཁན་ཆེན་རིན་པོ་ཆེས་ཕྱི་གླིང་ཡུལ་གྲུ་ཁག་གི་སློབ་མ་ལྔ་བརྒྱ་མ་ཟིན་ཙམ་ལ་བརྙན་ལམ་བརྒྱུད་ནས་༧སྐྱབས་རྗེ་ཡོངས་འཛིན་དམ་པ་མཆོག་སྐུ་ཞི་བར་གཤེགས་པའི་གནས་ཚུལ་སྐོར་ནས་གསུང་བཤད་ཞིབ་པར་གནང་སྟེ། ཧ་ཅང་གདུང་ཚོར་ཆེན་པོའི་ངང་ནས་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་གསོལ་འདེབས་སྨོན་ལམ་གྱི་སྒོ་ནས་མཉམ་གཅིག་ཏུ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་བྱིན་རླབས་ཞུས་ཤིང་ལམ་སྟོན་གནད་སྨིན་གནང་། དེ་རིང་དུས་ཚིགས་བཞི་པ་སྟེ། དྲོས་བཞིའི་ཉིན་འདུལ་བའི་མཁན་པོ་དགེ་བཤེས་བསམ་གཏན་གཙུག་ཕུད་དང་། མཁན་ཟུར་ཉི་མ་དབང་རྒྱལ་རིན་པོ་དང་ལྕམ་དགའ་འཛོམས་ལྷ་མོ། གྲྭ་བཙུན་གཡུང་དྲུང་དར་རྒྱས། དད་སྦྱིན་ཨ་ཤ་བཅས་དང་། དེ་བཞིན་གཤེན་བསྟན་དར་རྒྱས་གླིང་གི་ལས་སྣེ་བ་དང་། དགེ་བྱེད་པ་ཐུན་མོང་ནས་བླ་མ་སྙ་ཆེན་ལི་ཤུ་སྟག་རིང་གི་ཚོགས་མཆོད་ཀྱི་སྒོ་ནས་གདུང་མཆོད་ཞུས་པ་དང་ལྷན་འབྲེལ་ཡོད་དད་ལྡན་ཉིས་བརྒྱ་མ་ཟིན་ཙམ་བརྙན་ལམ་དུ་མཉམ་ཞུགས་ཀྱིས་མཆོད་འབུལ་ཞུས་པ་བཅས་གཤེན་བསྟན་དར་རྒྱས་གླིང་ནས་དགུང་ཞག་བཞིའི་རིང་མཆོད་འབུལ་ཞུས་པའི་གནས་བསྡུས་ཙམ་དུ།
གཤེན་བསྟན་ནས།