གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་བླ་ཆེན་དྲན་པའི་འབུམ་ཚོགས་རྒྱས་འབུལ་ཞུ་བཞིན་པ།
ཕྱི་ལོ་ ༢༠༢༤ ༡༡ ༡༡ ནས་བཟུང་ཉིན་བདུན་གྱི་རིང་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་བླ་ཆེན་དྲན་པའི་འབུམ་ཚོགས་ཆེན་མོ་འབུལ་བཞིན་པ་འདི་ནི་སྙིགས་དུས་འདིར་ཤིན་ཏུ་གལ་ཆེ་བ་སྟེ། ལུང་ལས། ལྔ་བརྒྱའི་དུས་སུ་ང་ལ་གསོལ་བ་ཐོབས། ང་ནི་བྱིན་རླབས་དགུ་འགྱུར་དེ་དུས་ཆེ། ཞེས་གསུངས་པ་ལྟར་གྱེར་སྤུངས་ཆེན་པོར་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་འདེབས་ཏེ། སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བའི་བདེ་སྐྱིད། ཁྱད་པར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་ཡོངས་འཛིན་མཁན་སློབ་རྣམ་པ་དང་། དམུ་རིགས་གཤེན་གྱི་གདུང་སྲས་རྣམ་གཉིས་གཙོས་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། དེ་བཞིན་བསྟན་པའི་སྦྱིན་བདག་རྣམ་པ་གཙོས་འབྲེལ་ཐོགས་ཡོངས་ཀྱི་མི་མཐུན་རྒུད་པའི་ཚོགས་ཀུན་ཞི་བ་དང་། མཐུན་རྐྱེན་དགེ་བའི་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་བཞིན་འཕེལ་ཞིང་རྒྱས་པའི་ཆེད་སོགས་མདོར་ན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་རྩའི་རྒྱུ་རུ་འགྱུར་བའི་གསོལ་བ་སྨོན་ལམ་དང་བཅས་ཏེ། འདུས་ཚོགས་ནས་ཉིན་འགྱངས་བདུན་རིང་བླ་ཆེན་དྲན་པ་ནམ་མཁའ་དང་བོན་སྐྱོང་སྲུང་མའི་ཚོགས་ལ་ཐུགས་བསྐུལ་རིམ་གྲོ་དང་། ཚོགས་མཆོད་རྒྱས་འབུལ་ཞུ་བཞིན་པའི་གནས་བསྡུས་ཙམ་དུ།
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༢ ཉིན་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་སྤེལ།།
པར་པ་ཁྱུང་ཐོག་རྒོད།