གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་ས་བདག་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་ཀྱི་དུས་མཆོད་འཚོགས་བཞིན་པའི་གནས་བསྡུས།
གདན་ས་ཁྲི་བརྟན་ནོར་བུའི་རྩེ་འདིར་ལོ་དུས་ཀྱི་མཆོད་པ་དང་། སྡེ་དགོན་གཉིས་ཀྱི་སྤྱི་རིམ་ཆེད་དུ་ས་བདག་ཉེ་ལམ་སྡེ་བཞི་དང་། ཀུན་འབུམ་གོ་འབྱེད་གཉིས་ཀྱི་ཆོ་ག་ལྷན་གཅིག་ཏུ་ལོ་ལྟར་ཉིན་གྲངས་བཞིའི་རིང་རྒྱས་འཚོགས་གནང་སྲོལ་ཡོད་པ་ལྟར།འདི་ལོ་བོད་ཆུ་སྟག་ལོའི་ཧོར་ཟླ་ ༤ པའི་ཚེས་ ༡༣ དང་། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ པའི་ཚེས་ ༡༢ ཉིན་ཆོ་ག་གཉིས་ཀྱི་རིམ་གྲོ་དངོས་སུ་མགོ་ཚུགས་ཡོད།
དེ་ཡང་དུས་མཆོད་གཉིས་ཀྱི་སྟ་གོན་དུ་བཅའ་བཟོ་སྔོན་ཚུད་འདི་ཟླའི་ཚེས་ཆའི་ནང་གཞུང་གཉིས་ཀྱི་དཀྱིལ་འཁོར་རྡུལ་ཚོན་བླུགས་ཏེ་ཐིག་བཀོད་སོགས་གཞུང་རང་རང་དང་མཐུན་པར་བསྒྲུབ་གནང་ཞིང་། ཕྱི་ཚེས་ ༡༠ ཉིན་གྲྭ་བཙུན་རྒན་གཞོན་ཚོ་གཅིག་ནས་ཆེད་གཉེར་གྱིས་ནམ་རྒྱང་འདྲེན་རྒྱུ་སོགས་ལོ་ལྟར་དུ་གནང་། ཕྱི་ཚེས་ ༡༡ ཉིན་དགེ་འདུན་བྱིང་ནས་གཏོར་བཟོ་མར་རྒྱན་དང་། མཆོད་པའི་རྫས་བསགས་སོགས་གཞུང་ལྟར་ཕུན་སུམ་ཚོགས་པར་བསྒྲུབས་ནས་ཚོགས་ཁང་གསར་རྙིང་གཉིས་ཀྱི་ནང་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་ཀྱི་དཀྱིལ་འཁོར་སོར་སོར་བཤམ་སྟེ་མཆོད་བཟོ་ལེགས་པར་གྲུབ་པར་བྱས།
ཕྱི་ཚེས་ ༡༢ ཉིན་ཚོགས་ཁང་གསར་པར་སྡེ་བཞིའི་ཟིན་བྲིས་ལྟར་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཁོག་ཕུབ་སྟེ་ས་བདག་ཉེ་ལམ་སྡེ་བཞིའི་བུམ་བཅའ་རྒྱན་བཀོད་གནང་ནས་གཞུང་བསྲང་གནང་བ་དང་། ཚོགས་ཁང་རྙིང་པར་༸གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས་སྒྲུབ་ཐབས་དང་ཕྱག་བཞེས་སོགས་ཆ་ཚང་བར་བཏུས་བསྒྲིག་མཛད་ཡོད་པ་ལྟར་དཀྱིལ་འཁོར་ཞལ་ཕྱེས་ནས་གཞུང་བསྲང་གནང་ཡོད།
དེ་ཡང་ཆོ་ག་སོ་སོར་དགོས་དམིགས་མི་འདྲ་བར་ཡོད་པ་ལྟར། ས་བདག་ཉེ་ལམ་སྡེ་བཞིའི་ཆོ་ག་འདིའི་དགོས་དམིགས་ནི་གཞུང་དེ་ཉིད་ལས། ཀླུ་གཉེན་ས་བདག་གི་གནོད་པ་གདུག་རྩུབ་ཅན་རྣམས་བདེ་ལ་བཀོད། འཇིག་རྟེན་དུ་ཡང་བཀྲ་ཤིས་བདེ་ལེགས་དང་ལྡན་ནོ། །ཕྱི་མར་ཡང་ཀུན་ཀྱང་གཡུང་དྲུང་གི་སྙིང་པོ་ཐོབ་ནས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་ཐོབ་པའོ། །ཞེས་གསུངས་པ་ལྟར་གཙོ་བོ་རང་བྱུང་གི་ཁམས་ཆེན་མོའི་ས་རྡོ་རི་བྲག་སོགས་ལ་གནས་པའི་ཀླུ་གཉེན་ས་བདག་གཏོད་ཀྱི་སྡེ་རྣམས་ལ་མདོས་ཀྱི་མཆོད་སྦྱིན་རྒྱས་པར་བསྔོས་ནས་ཚིམ་ཞིང་བརྙེས་པར་བྱས་ཏེ་འཇིག་རྟེན་ཁམས་འདི་བཀྲ་ཤིས་ལ་ཞི་ཞིང་བདེ་བར་བྱེད་པའི་དགོས་དམིགས་ཁྱད་པར་ཅན་དང་ལྡན་པའི་ཆོ་ག་ཞིག་ཡིན་ལ། ཀུན་འབུམ་གོ་འབྱེད་ཀྱི་ཆོ་ག་འདི་ལ་གནས་སྐབས་དང་མཐར་ཐུག་གི་དགོས་དམིགས་རྒྱ་ཆེ་ན་ཡང་། སྐབས་འདིར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་གཙུག་ལག་དཀར་ནག་ཁྲ་གསུམ་གྱི་རྟོག་བརྗོད་ལས། སྟོབས་ཆེན་འབྱུང་བའི་ནུས་ཤུགས་མཉམ་མིན་གྱིས། །ཆོ་འཕྲུལ་གོད་ཆགས་བཅུད་ཀྱི་འགྲོ་ལ་འབེབ། །དེ་དག་ཆ་ལ་འགོད་ཅིང་བདེ་བའི་ཆེད། །རྫོགས་སངས་རྒྱས་པས་བོན་སྒོ་བསམ་ཡས་གསུངས། །ཇི་ལྟར་གསུངས་པའི་རྗེས་སུ་ངེས་ཞུགས་ན། །ཕན་བདེའི་འབྲས་བུ་གཡུར་བ་དངོས་པོའི་གཤིས། །དེའི་ཕྱིར་འབྱུང་བ་རིག་པའི་ལྷ་ཚོགས་ལ། །དད་པས་མཆོད་སྤྲིན་འབུལ་ཕྱིར་གཞུང་འདི་བཀོད། །ཅེས་གསུངས་པ་བཞིན་གཙོ་བོ་འབྱུང་བ་མེ་ཆུ་ས་རླུང་གི་ནུས་པ་ཉམས་པ་དང་འཁྲུག་པ་དང་མི་མཉམ་པ་སོགས་ཀྱིས་འབྱུང་བའི་གོད་ཆགས་ས་གཡོ་བ་དང་། ཆུ་ལོག་རྒྱུག་པ། ཆར་ཆུ་དུས་སུ་མི་འབབ་པ་སོགས་བྱུང་དང་འབྱུང་བཞིན་པ་དེ་དག་ལ་འབྱུང་བ་ཉམས་པ་ལ་སླར་གསོ་དང་། འབྱུང་བའི་ནུས་པ་མི་སྙོམ་པ་ལ་སྙོམ་པོར་བྱས་ཏེ་བཅུད་ཀྱི་འགྲོ་བ་རྣམས་བདེ་ཞིང་སྐྱིད་པའི་ཆེད་དུ་འབྱུང་བའི་ལྷ་ལ་མཆོད་སྤྲིན་རྒྱས་འབུལ་བྱ་ཐབས་ཀྱི་ཆོ་ག་རྒྱས་པ་ཞིག་ཡིན།
དེ་ལྟར་གཞུང་གཉིས་ཀྱི་དགོས་དམིགས་ལྟར་འབྱུང་བའི་གནོད་པ་ཞི་བ་དང་དུས་ཀྱི་རིམ་ནད་མི་འབྱུང་བ། ཆར་ཆུ་དུས་སུ་འབེབ་པ་དང་ལོ་ཕྱུག་རྟག་ཏུ་ལེགས་པ། འཇིག་རྟེན་ཞི་ཞིང་བདེ་བ་དང་སྐྱེ་འགྲོ་བདེ་ཞིང་སྐྱིད་པའི་ཆེད་དུ་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ལོ་དུས་ཀྱི་མཆོད་པ་དང་། སྡེ་དགོན་གྱི་སྤྱི་རིམ་ས་བདག་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་འདི་ཟླའི་ཚེས་ ༡༣ ནས་ ༡༦ བར་ཉིན་གྲངས་བཞིའི་རིང་རྒྱས་འཚོགས་གནང་བཞིན་པའི་གནས་བསྡུས་སུ།
སྐྱ་ཀ་ཁྲ་བོ་ནས་ཕྱི་ལོ་ ༢༠༢༠ ཟླ་ ༠༦ ཚེས་ ༡༣ ཉིན།
པར་པ་ཁྱུང་ཐོག་རྒོད།