ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས་སྟོན་པའི་འདས་མཆོད་སྲུང་བརྩི་ཞུས་པ། 

འོ་ཅག་བོན་གྱི་རིང་ལུགས་འཛིན་པ་ཞིག་ཡིན་ཕྱིན་ཆད་ངེས་པར་དུ་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་༧རྒྱལ་བ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་འཁྲུངས་འདས་ཀྱི་དུས་ཚིགས་ཁྱད་པར་ཅན་གཉིས་སྲུང་བརྩི་ཞུ་དགོས་པ་སྨོས་མེད་ལགས་ཤིང་། འདི་ག་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ལོ་ལྟར་སྟོན་པ་སྐུ་འཁྲུངས་པའི་དུས་ཆེན་དང་། སྟོན་པ་མྱ་ངན་ལས་འདས་པའི་འདས་མཆོད་ཁྱད་པར་ཅན་གཉིས་སྲུང་རྩི་ཆགས་མེད་དུ་ཞུ་དང་ཞུ་བཞིན་ཡོད་པ་ལྟར་དེ་རིང་སྟེ། ཧོར་ཟླ་ ༩ པའི་གནམ་སྟོང་གི་ཉིན་མོ་འདི་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཉིད་སྐུ་མི་རྟག་མྱ་ངན་ལས་འདས་ཚུལ་བསྟན་པའི་དུས་ཚིགས་ཁྱད་པར་ཅན་ཡིན་ཕྱིར།འདི་གའི་གདན་ས་ནས་སྲུང་བརྩི་ཟབ་རྒྱས་ཞུས།

དེ་ཡང་ཚེས་༢༢ ཉིན་འདས་མཆོད་སྟ་གོན་ཆེད་གཙུག་ལག་ཁང་དུ་རྒྱལ་བའི་སྐུ་བརྙན་མདུན་མར་མེ་དང་། མེ་ཏོགསྤོས།ཡོན་ཆབ།ཞལ་ཟས་བཅས་རྣམ་ལྔའི་མཆོད་ཕྲེང་རྣམས་བཀོད་ཅིང་དཀྱིལ་འཁོར་བཅའ་བཀོད་སོགས་ཚུལ་བཞིན་བསྒྲུབ། ཕྱི་ལོ་ ༢༠༢༢ཟླ་བ་ ༡༡པའི་ཚེས་ ༢༣དང་། བོད་ཆུ་སྟག་ལོའི་ཧོར་ཟླ་ ༩ པའི་ཚེས་ ༣༠ ཉིན་སྔར་ཞོག་གཙུག་ལག་ཁང་གི་ནང་དུ་འདུས་མང་ཡོངས་ནས་འདུལ་བའི་གསོ་སྦྱོང་འཚོགས།

དེ་ནས་༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རྣམ་པ་གཉིས་དབུ་བཞུག་ཐོག་སྔར་རྒྱུན་བཞིན་འདུས་མང་ཡོངས་ནས་བདེར་གཤེག་སྨོན་ལམ་མཐའ་ཡས་ཀྱི་ཆོ་གའི་དཀྱིལ་འཁོར་ཞས་ཕྱེས་ཤིང་གཞུང་བསྲང་སྟེ་མཆོད་སྦྱིན་རྒྱས་འབུལ་ཞུས། དགོང་མོར་དད་ལྡན་མི་མང་རྣམས་དང་གྲྭ་མང་བཅས་ནས་སྟོན་པའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་དགོན་པའི་ཁོར་ཡུག་ཀུན་ཏུ་མཆོད་མེ་སྤར་ཏེ་སྟོན་པའི་བཀའ་དྲིན་རྗེས་དྲན་ཞུས་པ་བཅས་གཤེན་རབ་མི་བོའི་འདས་མཆོད་ཀྱི་དུས་ཚིགས་ཁྱད་པར་ཅན་སྲུང་བརྩི་ཞུས་པའི་གནས་བསྡུས་སུ།

ཚུལ་ཁྲིམས་དྲི་མེད་ནས་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན།

པར་པ་དགེ་བཤེས་ཀུན་སྐྱོང་རྒྱལ་པོ།

(སྤྱིའི་གཟིགས་གྲངས། 630 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྐྱེ་འགྲོ་…
error: རྩོམ་འདི་བདག་དབང་ཅན་ཡིན།