ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདུང་སེམས་ཀྱིས་བཞུས་པའི་མཆོད་ཐིགས།

ཉི་མ་རི་རྩེ་ནས་བཞུད་པའི་དུས

ཆུ་བོའི་རླབས་སྒྲ་འཇགས་སོང་ལ

ཉ་མོའི་གཤོག་རྩལ་ཡང་ཆད་ནས་ཡོད

མུན་པའི་གྲིབ་གཟུགས་ཀྱིས་ས་ཆེན་གཡོག་པའི་དུས

ཉི་མའི་འོད་སྣང་ལ་མིག་ཟུང་གཅེར་ཡང

ནུབ་རིའི་ཕག་ཏུ་བཞུད་ཟིན

སྨག་ནག་པའི་མཚན་ལྗོངས་དེར

འུག་པའི་དགོད་སྒྲ་དང

བྱ་ཝང་གི་འཁུན་སྒྲ་རྣ་བར་ཤིན་ཏུ་གཟན

སྐྱོ་གདུང་གིས་མནར་བའི་མཚན་མོ་དེར

མཆོད་མེ་རྐང་གཅིག་གི་འོད་ལ་བརྟེན་ནས་མནལ་དུ་སོང

རྨི་ལམ་གྱི་བྱིའུའི་གཤོག་སྣེ་ལ་ཐོགས་པ་ནི་འཁྲུལ་སྣང་རེད

འཁྲུལ་སྣང་གི་འཇིག་རྟེན་ནི་ཇི་འདྲའི་སྐྱོ་སྣང་གིས་ཁེངས་པ་ཞིག་སྟེ

རྒྱ་གྲོང་དཔུང་འཐུག་ཀྱང་ཀླད་ནས་ཤར་བའི་ཉི་འོད་མེད་ལ

མཁར་གྱི་བ་གམ་རྣམས་རྒྱ་ཕིབ་ཀྱིས་ཕྱི་ནས་མཛེས་ཀྱང་

གསེར་གྱི་ཀ་བ་དང་གཡུ་ཡི་གདུང་མ་མེད་པའི་ཁང་སྟོང་ཞིག

ནམ་དུས་དགུན་ལ་ཐུག

བྱ་དང་བྱིའུ་མང་པོ་ཁ་བས་དེད་དེ་ཚང་ལ་ལོག་མ་ཐུབ

རླུང་དམར་དང་བུ་ཡུག་གིས་སྙིང་རྩ་སྒུལ་བའི་མཚམས་དེར

གློག་བུར་མནལ་ལས་སད

འོན་ཀྱང

ཞོགས་པ་དེར།

ནམ་མཁའ་གཡའ་དག་པའི་ངོགས

སྐྱ་ཆིལ་ཆིལ་དུ་བབ་པའི་ཤོག་སྐྱ་མང་པོའི་ཐོག

ཐུགས་དམ་གསོ་བའི་སྒྲོན་མེ་དང་།

གདུང་སེམས་བསྐྱེད་པའི་སྤོས་དུད་མང་པོ་སྤར་འདུག་པ་དེས

རིག་པ་ལྷོད་ལ་ཕབ་ཅིང་སེམས་ཁམས་སྔར་ལས་ཡངས

ཁྱད་པར་དུ་ཁ་དོག་དཀར་པོ་དང་། དམར་པོ། སེར་པོ་བཅས་ཀྱི་གོས་ཆེན་རེའི་མཐུ་སྣེ་ལ

གསེར་དང་། དངུལ། དུང་དང་། ཟངས། ལྕགས་དང་། ཤེལ་བཅས་ལས་གྲུབ་པའི་ཐུགས་གསོའི་བྱང་བུ་རེ་བཏགས་འདུག་པ་ནི

ཅི་འདྲ་ཡིད་དུ་འོངས་ཤིང་སྙིང་དུ་སྡུག་པ་ཞིག་རེད

དེ་ནི་སྨོན་ལམ་གྱི་གདུང་དབྱངས་དང་། མར་མེའི་འོད་ཟེར

གཙང་ཆབ་གྱི་དྭངས་བསིལ། མེ་ཏོག་གི་བཀྲག་མདངས

ཞལ་ཟས་ཀྱི་རོ་བཅུད། སྤོས་དུད་དྲི་བཟང་བཅས་ཀྱིས་ཁེངས་པའི་ཞིང་ཁམས་དེར

འདྲེན་པ་མཉམ་མེད་བླ་མ་ནས་བཟུང་སྐུ་ཞི་བར་གཤེགས་པ་ཁྲི་འཛིན་སོ་གསུམ་པའི་བར་གྱིས

དཀྱིལ་འཁོར་རིགས་བརྒྱའི་མངའ་བདག་མཛད་དེ

འགྲོ་ལ་བརྩེ་ཆེན་ཡེ་ཤེས་ཆེན་པོས་སླར་ཡང་གཟིགས་སྐྱོང་གནང་ཞུའི་འབོད་ཚིག་གི་ལེའུ་ཤ་སྟག་རེད་འདུག

དེས་ན་ཡི་རངས་ཤིང་སེམས་འགུལ་ཐེབས་སོང་། སེམས་འགུལ་ཐེབས་སོང་། བཀའ་དྲིན་ཆེ་ཞུ་རྒྱུ་བཅས

མེ་ལོང་ཞེས་སུ་འབོད་པས་བདུན་ཚིགས་དང་པོའི་སྐབས་མྱ་ངན་གདུང་འབོད་དུ་ཤར་མར་བྲིས།

 

(སྤྱིའི་གཟིགས་གྲངས། 87 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧སྐྱབས་གནས…
error: རྩོམ་འདི་བདག་དབང་ཅན་ཡིན།