ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸གདན་ས་ཁྲི་བརྟན་ནོར་བུ་རྩེའི་ཐེངས་དགུ་པའི་དགེ་བཤེས་མཛད་སྒོའི་སྔོན་འགྲོ་ཉིན་གཉིས་པ།

ནང་པ་སངས་རྒྱས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལམ་ལུགས་སམ་ཐར་ལམ་ངོ་མ་ནི་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གཞུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་གྱིས་རྒྱལ་བསྟན་ཟིན་པར་བྱེད་དགོས་པས། གསང་གསུམ་བསྟན་པའི་མདོ་འཛིན་བསྐལ་ཁུགས་ཀྱི་སྟོན་པ་ཆེན་པོ་སྨྲ་དབང་༧ཡོངས་འཛིན་བླ་མས་བོན་གྱི་གདན་ས་བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཕྱག་བཏབ་སྟེ་བཤད་སྒྲུབ་འདུས་སྡེ་གསར་དུ་དབུ་བཙུགས་ནས་བཟུང་ད་བར་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་བཅས་འཛོམས་པའི་དགེ་བའི་བཤེས་གཉེན་དང་གཤེན་གྱི་རྣལ་འབྱོར་པ་གྲངས་འབོར་གང་མང་བསྐྱེད་བསྲིངས་བྱུང་སྟེ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་རྒྱས་འགྲོ་བཞིན་པའི་ཚུལ་དུ་ལགས། འདི་ལོར་བཀའ་རམས་པ་དྲུག་ལ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་རྒྱུ་བྱུང་བའི་ནང་། སྔོན་འགྲོའི་མཛད་སྒོ་ཉིན་གཉིས་པ་ ༢༠༡༧ ཟླ་བ་ ༣ ཚེས་ ༨ དང་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་མེ་བྱ་ལོའི་ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ཉིན། འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས་དང་། འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་གཉིས་ཀྱི་དགེ་བཤེས་སྔོན་འགྲོའི་མཛད་སྒོ་ཡིན་ལ།
ཞོགས་པ་ཕྱག་ཚོད་ ༠༩ པའི་ཐོག་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བཀའ་རམས་པ་གཉིས་བཅས་སྤོས་དང་རྒྱལ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གནས་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་རྒྱལ་ཕྱི་ནང་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་ཟབ་ཇ་དང་འབྲས་སིལ་འདེགས་འབུས་ཞུས།

འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས་དང་། འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་གཉིས་ཀྱིས་སྔོན་འགྲོའི་བཤད་པ་གྱེར་ཏེ་སྐུ་འགྱེད་ཕུལ་བ་དང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་རྒྱན་ཏེ་བཀའ་རམས་པ་གཉིས་ཀྱི་སྔོན་འགྲོའི་མཛད་སྒོ་གྲུབ།

བཀའ་རམས་པ་རྣམ་པ་གཉིས་ཀྱི་ལོ་རྒྱུས་མདོ་བསྡུས།

བཀའ་རམས་པ་འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས་མཆོག་ནི། བོད་ལྗོངས་ནག་ཆུའི་ས་ཁུལ་སྦྲ་ཆེན་རྫོང་ཡ་ང་ཤང་གི་ཁྲོམ་ཚང་འགག་གོང་དུ་(༡༩༧༧ /༩/༡༥)ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་བླ་མེད་རྫོགས་པ་ཆེན་པོའི་དོན་གྱི་རྣལ་འབྱོར་པ་བྱ་བྲལ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་ཡབ་སྲས་སྔོན་འགྲོ་དང་འཕོ་བ་ཞུས་ནས་རབ་བྱུང་གི་སྡོམ་པ་ལེན་རྒྱུའི་དམ་བཅའ་གཙང་མ་ཕུལ། སྐབས་དེར་བླ་མས་བསྔགས་བརྗོད་དང་བཅས་ཏེ་ཁ་བཏགས་སྒྲོན། རང་ལོ་བཅུའི་ཐོག་ཁྲོམ་ཚང་དགོན་དུ་འབྱོར་ནས་རང་ལོ་བཅུ་གསུམ་བར་ཡི་གེ་འབྲི་ཀློག་དང་ཆོ་ག་ཕྱག་ལེན་ལ་སྦྱངས་པ་བྱས། བཅུ་གསུམ་ཐོག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཁྲོམ་ཚང་དགོན་དུ་ཞབས་སོར་འཁོད་སྐབས་གསེར་ཞལ་མཇལ་བའི་སྐལ་པ་ཐོབ་སྟེ་སྐབས་དེར་ཁོང་གི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་ངག་མང་པོ་ཐོབ། དེ་རྗེས་རག་ཤི་རྟོག་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེའི་མདུན་ནས་སྔོན་འགྲོ་དང་དངོས་གཞི་འཕོ་བ་སོགས་ཞུས་ནས་སྦྱངས་པ་བྱས། དེ་ནས་བཟུང་ལོ་ཉེར་གཅིག་བར་ནང་ཚང་དང་ཡུལ་མི་རྣམས་ཀྱི་འདོད་པ་དང་བསྟུན་ནས་ཞབས་རིམ་སྒྲུབ་པ་དང་གནས་སྐོར་ལ་ཕེབས། རང་ལོ་ཉེར་གསུམ་ཐོག་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་འབྱོར་ནས་གསང་གསུམ་བོན་གྱི་མཛོད་འཛིན༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས། དེ་རྗེས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ཤར་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས། དེ་ནས་ཐུན་མོང་གི་རིག་གནས་སྤྱི་དང་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སོགས་ལ་སློབ་སྦྱོང་བྱེད་ཞོར་གྲྭ་ཚང་གི་འབུད་པ་ལོ་གཅིག་དང་། མཆོད་དཔོན་ལོ་གཅིག ཚོང་ལས་ལོ་གཉིས། ཞབས་བརྟན་དབུ་མཛད་ལོ་གསུམ། དཔེ་མཛོད་ཀྱི་ལག་ལས་ལོ་གསུམ་དང་སྐབས་བཅོ་ལྔ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལོ་གཅིག སྐབས་བདུན་པའི་གྲྭ་ཚང་གི་སྤྱི་གཉེར་ལོ་གསུམ་གྱི་ལས་འགན་བཅས་ཁུར་ཏེ་མཐར་སྤྱི་ལོ་ ༢༠༡༧ ཟླ་ ༠༣ ཚེས་ ༠༨ ཉིན་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་དངོས་སུ་ཐོབ་པའི་དུས་བཟང་ཤར།

འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་མཆོག་ནི། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཞེ་གཞུང་ཤང་ནག་རུ་ཞལ་ཕུ་འགུ་ནེ་ཚང་གི་ཡབ་རིན་ཆེན་ཚེ་རིང་དང་།   ཡུམ་དགེ་ལེགས་དཔལ་སྒྲོན་གཉིས་སྲས་སུ་སྤྱི་ལོ་ ༡༩༨༡ ལོར་སྐུ་འཁྲུངས།

དེ་རྗེས་དགུང་ལོ་དྲུག་ནས་བཟུང་ལོ་བཅུ་གཅིག་བར་ཕ་མ་གཉིས་ཀས་རེས་མོས་ཀྱིས་ཡི་གེ་བསླབས་ནས་ཁྲོ་མཆོད་གཉིས་འདོན་རྗེས་ཟིན་པར་སྦྱངས།  ལོ་བཅུ་གཅིག་གི་དུས་གཅེན་པོ་འདས་པོ་གཡུང་དྲུང་རྣམ་རྒྱལ་དང་མཉམ་དུ་ཁྱུང་པོ་རི་བོ་རྩེ་དྲུག་ཏུ་སྔོན་འགྲོ་ཞུ་ཁར་སོང་སྟེ་ཁོང་དང་མཉམ་རྩེ་དྲུག་སྟག་ལའི་མཚམས་པ་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི་མདུན་ནས་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ཞུས་ནས་དགུན་ཟླ་གསུམ་ལ་དེར་སྔོན་འགྲོ་འབུམ་དགུ་བསགས།  ལོ་བཅུ་གཉིས་ཐོག༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་རིན་པོ་ཆེ་བོད་དུ་ཕེབས་པའི་སྐབས་རིན་པོ་ཆེ་མཆོག་དང་དེ་མིན་ཁྱུང་པོའི་བླ་མ་རྩལ་ཆེ་བ་མང་པོ་དབུ་བཞུགས་ཐོག་ཁོང་རྣམ་པའི་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས།  ལོ་བཅུ་བཞིའི་སྐབས་དགུན་གཅིག་ལ་མཐའ་ཞུ་བླ་མ་ཚུལ་ཁྲིམས་ཡེ་ཤེས་ཀྱི་མདུན་ནས་དངོས་གཞི་སྐུ་གསུམ་རང་ཤར་སྦྱངས།  ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སླར་རང་ཡུལ་ལ་ཞབས་སོར་བཀའ་དྲིན་སྐྱོང་སྐབས་རིན་པོ་ཆེ་མཆོག་ལ་བཀའ་སློབ་ལམ་སྟོན་ཞུས་པ་ལྟར་གཡུང་དྲུང་བསྟན་རྒྱས་གླིང་དུ་མཚན་ཉིད་སྦྱོང་འགོ་བརྩམས།  དེར་ལོ་གཉིས་ཙམ་སྦྱོང་པ་བྱས། དེ་རྗེས་དེར་བཞུགས་པའི་བཤད་སྒྲུབ་ཀྱི་འགན་འཛིན་གོང་རིམ་རྣམས་ལ་དགོངས་ཞུས་དང་འབྲེལ།    སྤྱི་ལོ་ ༢༠༠༠ ལོར་བལ་ཡུལ་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ཏེ་བཤད་སྒྲུབ་ཀྱི་སྒྲིག་ཁོངས་སུ་ཞུགས་ནས་དགོན་འདིའི་མཁན་སློབ་རྣམ་པ་དང་དགེ་བཤེས་རྣམ་པའི་དྲུང་ནས་སྡུད་གྲྭ་ནས་བཟུང་ཚད་མ་རིག་པའི་སྐོར་དང་། ཐུན་མོང་རིག་གནས་དག་སྙན་ངག་རྩིས་དཀར་ནག་སོགས་རིག་གནས་སྤྱི་དང་། ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས། ཟུར་དུ་གྱེར་ཕྲིན་ལས་དང་འབུད་རྡུང་བཀྲོལ་གསུམ། ཐིག་རྡུལ་ཚོན་སོགས་སྦྱངས། སློབ་གཉེར་བྱ་བའི་དུས་རིམ་ནང་བཤད་སྒྲུབ་འདུས་སྡེ་སྐབས་བཅོ་བརྒྱད་པ་དང་བཅུ་དགུ་པ་གཉིས་ཀྱི་རིང་ལ་འཕྲོད་བསྟེན་འགན་འཛིན་དང་།  དེ་མིན་གྲྭ་ཚང་གི་ལས་དོན་ཆུང་ཚག་རང་གིས་འཇོན་ཚོད་ཀྱིས་ཞབས་ཞུ་བྱས།  ༢༠༡༥ ལོར་རྩོད་རྒྱུགས་ཀྱི་རྒྱུགས་འབྲས་ཨང་དང་པོ་ལོན་པ་དང་།  ༢༠༡༧ ལོར་བྲིས་རྒྱུགས་ཨང་དང་པོའི་སྦྱང་འབྲས་ཐོབ།   ལོ་བཅུ་བདུན་གྱི་རིང་གཞུང་ཆེན་རྣམས་ལ་སྦྱངས་པ་ཧུར་བརྩོན་བྱས་པའི་འབྲས་རྟགས་སུ་འདི་ལོར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་མཚན་རྟགས་བཞེས་པའི་སྐལ་བཟང་ཐོབ། གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཐེངས་དགུ་པའི་དགེ་བཤེས་མཛད་སྒོ་སྔོན་འགྲོ་ཉིན་གཉིས་པའི་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༡༧ ༣  ༨ ཉིན་སྤེལ།

བོན་གྱི་སྤྱི་ཟུར་བཟང་པོ་ལགས་དང་བོན་སྤྱི་ལས་ཐོག་པ་ཚེ་དབང་བཀྲ་ཤིས་ལགས་རྣམ་གཉིས་ཀྱིས་གསུང་བཤད་གནང་བ།

བཀའ་རམས་པ་གཉིས་ཀྱིས་དགེ་བཤེས་སྔོན་འགྲོའི་བཤད་པ་དང་བཀྲ་ཤིས་གསོལ་གྲུབ་པ་དང་བསྟུན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྡེའི་ལས་སྣེ་དང་། བགྲེས་གཏམ་རྩོམ་ཚོགས་ཀྱིས་གོ་སྒྲིག་གནང་བ་ལྟར་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམས་པ་དབུས་པའི་གྲྭ་ཚང་འདུས་སྤྱི་ལྷན་རྒྱས་དང་། ལྷ་འབངས་མང་ཚོགས་བཅས་ཚོགས་ཁང་གསར་པའི་ནང་རྒྱས་འཛོམས་གནང་སྟེ། ཕྱི་དྲོ་ཕྱག་ཚོད་ ༠༤ ནས་ ༠༥་༣༠། ཙམ་གྱི་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པའམ། བོན་གྱི་སྤྱི་འཐུས་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་ལས་ཐོག་པ་བ་ར་ཚེ་དབང་བཀྲ་ཤིས་ལགས་རྣམ་པ་གཉིས་ཀྱིས་གསུང་བཤད་ལྷུག་པོར་གནང་། གསུང་བཤད་ཀྱི་བརྗོད་བྱ་གཙོ་བོ་ནི། ༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་ས་འཚོལ་བསྒྲུབ་གནང་སྟངས་དང་། བོད་ཀྱི་བོན་པོ་ཚོགས་པ་བཙུགས་ནས་བཟུང་སྔ་འཕྱི་བར་གསུམ་དང་། ནམ་ཉིན་ལྟོས་མེད་ངང་གཡུང་དྲུང་བོན་གྱི་བསྟན་པའི་མཛད་འགན་ཁུར་དུ་བཞེས་ནས་རླབས་ཆེན་གྱི་འཕྲིན་ལས་སྐྱོང་བའི་རིང་སྐུ་ཚེགས་འོ་བརྒྱལ་བསྐྱོན་སྟངས་དང་། ཐུགས་སྤོབས་བཟོད་སྲན་བསྒོམ་ཚུལ། ཐབས་ལམ་བྱམས་བརྩེ་གནང་ཚུལ་རྣམས་གནད་དུ་བསྡུས་ཏེ། སྐུ་ངོ་ཁོང་གིས་དངོས་སུ་མྱོང་ཐོག་དང་འབྲེལ་བའི་སྒོ་ནས་བཀའ་སློབ་མིག་ཆུ་བརྡོལ་བ་མང་པོ་ལྷུག་སྩོལ་གནང་ནས་མཛད་པ་རྗེས་དྲན་ཞུས། དེ་བཞིན་༧ད་ལྟའི་བར་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་སྐུ་དྲིན་རྣམས་དྲན་བསྐུལ་གནང་སྟེ་གཡུང་དྲུང་བོན་གྱི་གནས་བབ་དང་འབྲེལ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་མང་པོའི་བརྒྱུད་རིམ་ལོ་རྒྱུས་ཐད་ནས་གསུང་གླེང་གནད་ཅན་མང་པོ་གནང་བ་མ་ཟད་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་ཕུལ།  དེ་རྗེས་བོན་སྤྱི་ལས་ཐོག་པ་བ་ར་ཚེ་དབང་བཀྲ་ཤིས་ལགས་ནས་ཐོག་མའི་འཚམས་འདྲི་བཅས་ཁོང་གཡུང་དྲུང་བོན་གྱི་སྤྱི་འཐུས་ལངས་དགོས་པའི་དམིགས་ཡུལ་དང་། དགོས་པ་གསུངས་པ་མ་ཟད་ད་སྔོན་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་གཙོས་རྒྱ་བལ་གཉིས་སུ་བཞུགས་པའི་བོན་གྱི་སྐྱབས་གནས་བླ་སྤྲུལ་དགེ་སློབ་རྣམས་ཀྱིས་ཁོང་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བ་བཞིན་ཁོང་གིས་ཀྱང་ཚེ་ཡི་འདུ་བྱེད་མ་སྟོང་བར་དུ་བསྟན་པ་དང་འགྲོ་བ་ལ་ཞབས་ཞུ་བསྒྲུབ་པའི་ཐུགས་སྤོབས་དང་། འདུན་པ་བརྟན་པོ་ཡོད་པ་བཅས་ཀྱི་སྐོར་ནས་གསུང་བཤད་ལྷུག་པོ་གནང་སྟེ། དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་ཕུལ་བ་བཅས་ཉིན་གཉིས་པའི་དགེ་བཤེས་སྔོན་འགྲོའི་མཛད་རིམ་གྲུབ་བོ། །

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 65 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །ཞྭ་དཀ…
error: རྩོམ་འདི་བདག་དབང་ཅན་ཡིན།