ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཐེངས་དགུ་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།

༄༅། །ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས། མདོ་སྔགས་རབ་འབྱམས་སྨྲ་བའི་འབྱུང་གནས།  མང་འདུས་སེམས་དཔའ་རྒྱ་མཚོའི་གླིང་ཁ། ལུང་རིགས་འབྲུག་སྒྲ་སྒྲོག་པའི་སློབ་གླིང་། མེས་པོའི་རིག་གཞུང་འཛིན་པའི་ལྕགས་ཀྱུ། བཤད་སྒྲུབ་བསྟན་པ་དར་བའི་དགོན་སྡེ་ཆེན་མོ་བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཚོས་ཞྭ་དཀར་གཡུང་དྲུང་བོན་གྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལམ་ལུགས་ལ་ཐོས་བསམ་གཙོ་བོར་བྱེད་པའི་བཤད་གྲྭ་དང་། སྒོམ་སྒྲུབ་གཙོ་བོར་བྱེད་པའི་སྒྲུབ་གྲྭ་གཉིས་སུ་ཡོད་པ་ལས། ད་ལན་ཐོས་བསམ་གཙོ་བོར་བྱེད་པའི་བཤད་གྲྭ་བའི་ཁོངས་ནས་བཀའ་རམས་པ་ཡང་སྟོན་དྲང་སྲོང་གཙུག་ཕུད་འོད་ཟེར་རྒྱལ་མཚན་དང། མཱ་འགབ་དྲང་སྲོང་ཀུན་དགའ་རིན་ཆེན་རྒྱལ་མཚན། འབེ་ཚ་དྲང་སྲོང་ཤེས་རབ་ཕུན་ཚོགས་ཡེ་ཤེས། འགུ་ནེ་དྲང་སྲོང་བློ་གྲོས་ཕུན་ཚོགས་རྒྱལ་མཚན་། ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ། ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་དྲུག་གིས་རིག་པའི་སྒོ་འབྱེད་སྡུད་གྲྭ་ནས་བཟུང་སྟེ་གབ་མཛོད་ས་གསུམ་གཙོས་པའི་ཐུན་མིན་གྱི་གཞུང་ཆེན་ཁག་དང་། བརྡ་དག་སྙན་གསུམ་དང་རྩིས་རིག་དཀར་ནག་སོགས་ཐུན་མོང་གི་རིག་གནས་ལ་སློབ་སྦྱོང་གནང་བ་མ་ཟད་འདི་ལོ་དགུན་ཁར་རྩ་རླུང་ཞག་བརྒྱའི་རིང་སྦྱངས་པ་ཚད་ལྡན་ཚུལ་མཐུན་བྱས། དེ་ལྟར་སློབ་པ་མཐར་ཕྱིན་གྱི་མཚན་བཏགས་བཞེས་པའི་སྐལ་བཟང་ཤར་བ་ཡིན་ཏེ། དེ་ཡང་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་བཀའ་ཡིག་ལས། “དེའི་སྒོ་ནས་ཡོན་ཏན་གྱི་ཁྱད་པར་ཐོན་པ་བྱུང་བའི་རིགས་དང་མཐུན་པར་ཆེ་འདོན་མིང་བཏགས་དང་འབྲེལ་བར་བརྩི་བཀུར་བྱ་ངོ་ཤེས་པ་དང་།” ཞེས་གསུངས་པ་ལྟར་། འདི་ལོ་བཀའ་རམས་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་པའི་དུས་ལ་བསླེབས་ནས་དགེ་བཤེས་ཀྱི་གྲ་སྒྲིག་བློ་འཛིན་དང་མཆོད་བཟོ་སོགས་གྲ་སྒྲིག་ལེགས་པར་བྱས་ཏེ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་སྟེ་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་དུས་ཆེན་ཉིན་ ༸ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གནང་། ༢༠༡༧ སྤྱི་ཟླ་ ༠༣ ཚེས་ ༧ དང་། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་པའི་བོད་མེ་བྱ་ལོའི་ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཉིན་ནས་དགེ་བཤེས་མཛད་སྒོ་ཚོགས་ཆུང་གི་གོ་སྒྲིག་འོག་ནས་དགེ་བཤེས་མཛད་སྒོའི་སྔོན་འགྲོ་དབུ་འཛུགས་གནང་། མཛད་སྒོའི་ཉིན་དང་པོ་ཞོགས་པ་ཕྱག་ཚོད་ ༠༩ པའི་ཐོག་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་ཚངས་པ་བསྟན་འཛིན། སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་བཀའ་རམས་པ་གཉིས་བཅས་སྤོས་དང་རྒྱལ་གླིང་གིས་ཕེབས་སྣེ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་ཟུར་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། བོན་སྤྱི་ལས་ཐོག་པ་བ་ར་ཚེ་དབང་བཀྲ་ཤིས། མདོ་སྨད་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་གཙོས་པའི་རྒྱལ་ཕྱི་ནང་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་མཉམ་འཛོམས་ཐོག་འཚོགས་ཁང་ནང་མཉམ་འཛོམས་བྱས་ཏེ་ཟབ་ཇ་དང་འབྲས་སིལ་འདེགས་འབུས་ཞུས། ཡང་སྟོན་དྲང་སྲོང་གཙུག་ཕུད་འོད་ཟེར་དང་། མཱ་འགབ་དྲང་སྲོང་ཀུན་དགའ་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་སྔོན་འགྲོའི་བཤད་པ་གྱེར་ཏེ་སྐུ་འགྱེད་དང་ཉིན་གུང་གཏོང་སྒོ་ཆེན་མོ་བཏང་། ཕྱི་དྲོ་བཀྲ་ཇ་དང་བཀྲ་ཤིས་བསྔོ་སྨོན་གྱིས་མཐར་རྒྱན་ཏེ་བཀའ་རམས་པ་གཉིས་ཀྱི་སྔོན་འགྲོའི་མཛད་སྒོ་མཇུག་གྲུབ་པར་བྱས།

བཀའ་རམས་པ་གཉིས་ཀྱི་ངོ་སྤྲོད་མདོ་བསྡུས་ནི།

ཡང་སྟོན་དྲང་སྲོང་གཙུག་ཕུད་འོད་ཟེར་རྒྱལ་མཚན་ནི་སྤྱི་ལོ་<༡༩༨༧>ལོར་དོལ་པོ་ཚ་ཁ་རུ་སྐྱེས་ཤིང་སྤྱི་ལོ་<༡༩༩༦> ལོར་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་གཉིས་ལ་སློབ་སྦྱོང་བྱས།

སྤྱི་ལོ་<༡༩༩༩>མཚན་ཉིད་སྦྱོང་འགོ་བརྩམས་ཏེ་ད་བར་མི་ལོ་བཅོ་བརྒྱད་རིང་ཐུན་མིན་གྱི་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་གནང་། ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་གི་མཆོད་གཡོག་དང་དུང་པ་ཇ་འདྲེན་བཅས་བྱེད་མྱོང་ཡོད། སྤྱི་ལོ་<༢༠༡༧>ལོར་བལ་ཡུལ་བོན་གྱི་གདན་ས་ཆེན་མོའི་སེམས་དཔའ་འདུས་པ་རྒྱ་མཚོའི་དབུས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་པའི་སྐལ་བཟང་ཐོབ།

མཱ་འགབ་དྲང་སྲོང་ཀུན་དགའ་རིན་ཆེན་མཆོག་ནི་སྤྱི་ལོ་<༡༩༨༨>ལོར་ཨ་མདོ་རྔ་བ་རུ་སྐྱེས་ཤིང་ཆུང་དུས་ནས་མདོ་སྨད་སྣང་དགོན་གྱི་ཚོགས་གྲལ་དུ་ཞུགས་ཤིང་ཁུ་བོ་ཨ་ཁུ་བླ་གོ་འམ་སྣང་དགོན་གྱི་མཁར་ཟུར་བློ་གྲོས་ཕུན་ཚོགས་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་བ་བྱས།

སྤྱི་ལོ་<༢༠༠༠>བལ་ཡུལ་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེར་འབྱོར་ཞིང་སྨྲ་དབང་༧ཡོངས་འཛིན་ཆེན་མོའི་ཞབས་ལ་གཏུགས་ཏེ་ཐུན་མིན་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་པའི་གནས་བཅས་ལ་སྦྱོང་བའི་གོ་སྐབས་བཟང་པོ་ཐོབ་པ་མ་ཟད། སྤྱི་ལོ་<༢༠༡༧>ལོར་བལ་ཡུལ་བོན་གྱི་གདན་ས་ཆེན་མོའི་སེམས་དཔའ་འདུས་པ་རྒྱ་མཚོའི་དབུས་ནས་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་པའི་གོ་སྐབས་བཟང་པོ་ཐོབ་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་ཁྱུང་ཁྲི་ལྡེས་༢༠༡༧ ཟླ་བ་༣ ཚེས་༧ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 57 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ལོ་བཞིན་ཧོ…
error: རྩོམ་འདི་བདག་དབང་ཅན་ཡིན།