ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ཁྲི་བརྟན་ནོར་རྩེའི་གཤེན་གྱི་གར་འཆམ་ཆེན་མོ།

ལོ་བཞིན་ཧོར་ཟླ་དང་པོའི་ཡར་ངོ་ལ་གདན་ས་ཁྲི་བརྟན་ནོར་རྩེའི་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུ་བའི་དུས་ཚོད་ཡིན་ཞིང་། གར་འཆམ་ནི་སྲོལ་རྒྱུན་གྱི་རིག་གཞུང་འཁྲབ་སྟོན་ཞིག་གམ། རིང་ནས་མགོན་སྐྱོབས་སྡོང་གྲོགས་བྱེད་པའི་ལྷ་སྲུང་གི་ཐུགས་ཡིད་མཉེས་པའི་མཆོད་སྤྲིན་དང་། དེ་དག་གི་ཡོན་ཏན་ཁྱད་པར་ཅན་རྣམས་གུས་བརྩེས་ཕྱིར་དྲན་བྱེད་པའི་ཐབས་ལམ་ཞིག་ཡིན།  འཆམ་པོ འཆམ་པོ4གར་འཆམ་གྱི་བྱེད་སྒོ་སྤེལ་བ་ལ། འཆམ་དཔོན་དང་འཆམ་མཇུག འཆམ་སྣ་འཁྲིད་མཁན་གྱི་དགེ་སྐོས་དང་སྤོས་བསང་བ། རྐང་གླིང་དང་རྒྱ་གླིང་། འཆམ་རྔ་རྡུང་མཁན་དང་རོལ་མོ་བ་བཅས་ཆ་ཚང་འཛོམས་དགོས། འཆམ་བྱ་གང་དེའི་ཁྱད་པར་གྱིས། ལུས་དང་ཡན་ལག་ཉིང་ལག་གི་རྣམ་འགྱུར་དང་། འཆམ་གོས་ལག་ཆ་སོ་སོར་ཡོད་ལ། དགོས་པ་རྒྱུ་མཚན་མཚོན་ཐབས་ཀྱང་དེ་དང་དེ་བཞིན་བཤད་སྲོལ་མི་འདྲ་བར་མཆིས།
དགོན་འདིའི་ལོ་དུས་ཀྱི་མཛད་སྒོ་གལ་ཆེན་ཞིག་ཏུ་བརྩི་ནས་ཧོར་༡༢པའི་ཚེས་༢ནས་བཟུང་སྔོན་འགྲོའི་སྟ་བོན་གྱི་ཆེད་དུ་རོལ་ཆ་དང་། གར་འཆམ་སྦྱོང་བརྡར་ཚགས་ཚུད་གནང་ནས་༢༥ཉིན་མཁན་སློབ་རྣམ་པ་དང་འདུས་མང་མཉམ་འཛོམ་གྱི་ཐོག་འཆམ་རྒྱུགས་ལེན་སྲོལ་ཡོད། འཆམ་པོ༡ འཆམ་པོ༡༢སྐབས་དེར་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་གར་འཆམ་གྱི་དམིགས་པ་བཟུང་སྟངས་དང་། རྣམ་འགྱུར་སྟོན་ཚུལ་བཅས་ཀྱི་ཐད་ནས་བླང་དོར་གྱི་མཛུབ་སྟོན་གནང་གི་ཡོད་པ་རེད། དགོན་འདིར་འཆམ་བྱ་གཙོ་བོ་ནི། གཡུང་དྲུང་བོན་གྱི་གཞུང་ལུགས་གསར་མཁར་སྤྱི་སྤུངས་དང་འབྲེལ་བའི་གཟེ་མ་དགུ་འཆམ་དང་། གཤེན་རབ་དགུ་འཆམ། དུས་དྲུག་གི་འཆམ། རྣམ་བརྒྱད་ཀྱི་འཆམ་དང་། དེ་བཞིན་གསང་སྔགས་མ་རྒྱུད་ཀྱི་ཚོགས་འཆམ། དབལ་ཆེན་ཕུར་པའི་ཕུར་འཆམ་དང་། བསྒྲལ་བསྟབས་སོགས་ཡི་དམ་གྱི་གཞུང་ལས་བྱུང་བའི་འཆམ་དང་། ཡེ་ཤེས་དབལ་མོའི་གར་འཆམ་སོགས་བསྟན་སྲུང་གི་འཆམ་དང་། གཤེན་གྱི་རྣམ་ཐར་རྒྱས་པ་གཟི་བརྗིད་དཔེ་རྩེ་རྣམ་གསུམ་བསྟན་པའི་མདོ་ལས། “།ལ་ལ་ཞིག་ནི་ལྷའི་གར་བྱེད་དོ། །ལ་ལ་ཞིག་ནི་ལྷའི་ཁྱུང་མོ་ལྡིང་གར་བྱེད་དོ། །ལ་ལ་ཞིག་ནི་སེང་ཆེན་མཆོངས་གར་བྱེད་དོ། །ལ་ལ་ཞིག་ནི་གླང་པོ་ཆེའི་འགྱིང་གར་བྱེད་དོ། །ལ་ལ་ཞིག་ནི་རྟ་མཆོག་གི་དཀྱུས་གར་བྱེད་དོ། །ལ་ལ་ཞིག་ནི་རྨ་བྱའི་མཛེས་གར་བྱེད་དོ། །ལ་ལ་ཞིག་ནི་ལྷ་བྲན་གྱི་བཞད་གར་བྱེད་དོ། །ལ་ལ་ཞིག་ནི་ལྷ་མོའི་དགྱེས་གར་བྱེད་དོ། །ལ་ལ་ཞིག་ནི་གྱད་ཀྱི་རྩལ་མཆོངས་བྱེད་དོ། །ལ་ལ་ཞིག་ནི་ཕོ་ཉའི་རོལ་ཚོམས་བྱེད་དོ། །ལ་ལ་ཞིག་ནི་བྲོ་བརྡུང་ངོ་། །ལ་ལ་ཞིག་ནི་ཤོན་ཁྲབ་པོ། །ལ་ལ་ཞིག་ནི་སྒོང་བསྒྱུར་རོ། །ལ་ལ་ཞིག་ནི་སྒོང་སྤོར་རོ། །ལ་ལ་ཞིག་ནི་སྒོང་རྩེའོ། ” ཞེས་གསུངས་པ་ལྟར་གཤེན་རབ་འགྲོ་དོན་ཕེབས་སྐབས་ཀྱི་བསུ་ཐབས་དང་འབྲེལ་བའི་སེང་འཆམ། གཡག་འཆམ་སོགས་རྩེད་འཆམ་རིགས་ཀྱང་འཆམ་སྲོལ་ཡོད།
འཆམ་པོ༢ འཆམ་པོ༣ དངོས་གཞིའི་འཆམ་པོ་ཉིན་གཤེན་པོ་གར་འཆམ་པ་རྣམས་ཀྱིས། སྐུ་རྔམ་གཏུམ་དྲག་བརྗིད་ཀྱི་ཉམ་འགྱུར། གསུང་བཟླས་དབྱངས་བསྙེན་པའི་འཕྲོ་འདུ། ཐུགས་ཡི་དམ་ལྷ་ཡི་ང་རྒྱལ་དང་མ་བྲལ་བའི་ངང་ནས་གར་འཆམ་བྱེད་དགོས་ཤིང་། མཇལ་མཁན་རྣམ་པས་དེ་ལུགས་འདུ་ཤེས་བཟུང་ཐོག་དད་མོས་གཏིང་ནས་བསྐྱེད་དེ་འདོད་གསོལ་ཕྲིན་བཅོལ་ཞུས་ན། ཡི་དམ་ལྷ་དང་སྲུང་མའི་ཐུགས་རྗེའི་བྱིན་རླབས་དང་། སྒྲུབ་གཤེན་གྱི་དམིགས་པ་འཛོམས་པའི་རྟེན་འབྲེལ་གྱི་ནུས་པས། ལོ་ཟླའི་འགལ་རྐྱེན་བར་ཆད་ཐམས་ཅད་བཟློག་ཅིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པའི་དགོས་ཆེད་ཟབ་མོ་ཡོད་པ་སྨོས་མི་དགོས་ལ། བྱེ་བྲག་ཏུ་འཆམ་སྣ་རེ་རེ་ལ་ལོ་རྒྱུས་ཀྱི་བྱུང་བ་འབྲེལ་བའི་དགོས་དམིགས་སོ་སོར་བཤད་རྒྱུ་ཡོད་དོ།།
སྤྱི་བཏང་འདི་ཟླའི་ཚེས་བརྒྱད་ཉིན་གར་འཆམ་ཡིན་ཀྱང་། འདི་ལོར་ཚེས་པ་ཆད་ལྷག་རྐྱེན་གྱིས་སྔ་སྣུར་བྱས་ཏེ་ཚེས་༦རེས་གཟའ་སྤེན་པ་་ཉིན་གྱི་སྔ་དྲོའི་ཕྱག་ཚོད་༨ཐོག་སྐྱབས་རྗེ་མཁན་སློབ་རྣམ་པ་དང་། ས་གནས་ཁག་གི་སྐུ་མགྲོན་དང་དཔོན་རིགས། དགེ་འདུན་མང་ཚོགས་ལྷན་འཛོམས་ཐོག ཡེ་ཤེས་དབལ་མོའི་གར་འཆམ་དང་། སྲིད་རྒྱལ་དུས་དྲུག རྣམ་བརྒྱད། གཤེན་རབ་དགུ་འཆམ། སེང་འཆམ། མ་རྒྱུད། ཤ་འཆམ། གཟེ་མ་དགུ་འཆམ། གཡག་འཆམ་བཅས་གཟིགས་འབུལ་ཞུས་ནས་ཕྱི་དྲོའི་ཕྱག་ཚོད་༡།༠ཐོག་མཇུག་གྲུབ་པའི་གནས་བསྡུས་སུ་ཏི་སེའི་བུ་ནས་༢༠༡༧། ༣། ༤།ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

43290cookie-checkདཔལ་ལྡན་ཁྲི་བརྟན་ནོར་རྩེའི་གཤེན་གྱི་གར་འཆམ་ཆེན་མོ།
(སྤྱིའི་གཟིགས་གྲངས། 9 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །རྒྱལ་…
error: རྩོམ་འདི་བདག་དབང་ཅན་ཡིན།