ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གབ་འགྲེལ་ལས་འཕྲོས་པའི་དྲི་ལན་འགའ།

དྲི་བ། གབ་འགྲེལ་རིག་པའི་རྒྱ་མཚོ་ལས་གསལ་བའི་བཀྲ་དང་བཀྲེའུ། གྲི་དང་མཚུན་ཞེས་པ་དང་། བསྐལ་སྲིད་གཤོག་གསུམ། བླ་ཡིད་སེམས་གསུམ་བཅས་གང་ལ་ངོས་འཛིན་དགོས་སམ།

དཔོན་སློབ་ཚངས་པ་ལན། བཀྲ་ཞེས་པ་སྔོན་དུས་སུ་ལོ་བརྒྱད་ཅུ་(ལ་ལས་བདུན་ཅུ་ལ་ཡང་འདོད་)ཟིན་པའི་མི་ལ་བརྩི་བ་དང་། ཕྱིས་སུ་རང་གི་ཚ་བུའི་ངོ་མཐོང་བ་ནས་ཨ་ཕྱི་ཨ་མྱེའི་མིང་ཐོབ་པས་བཀྲ་ཡི་གྲལ་དུ་འཇོག་སྲོལ་ཡོད་ཅིང་། བཀྲ་རྒན་དེ་རྣམས་ཤི་བ་འདུར་བ་ལ་བཀྲ་འདུར་ཞེས་འབོད།

སྐབས་འདིའི་བཀྲེའུ་ནི་བྱིས་པར་གོ་དགོས་ཤིང་།  དེ་ཡང་ལོ་བརྒྱད་མན་ཆད་ལ་སྲིའུ་ཞེས་འདོད་པ་དང་། དགུ་ནས་བཅུ་གསུམ་བར་ཕོ་ལ་ཡུལ་ལྷ་དང་། མོ་ལ་མོ་སྨན་ཞེས་བཏགས་ཤིང་འདི་རྣམས་འདུར་བ་ལ་ཆུང་འདུར་རམ། བཀྲེའུ་འདུར་ཞེས་འབོད་དོ།།

གྲི་ནི་མཚོན་ཆ་དང་། རྦབ། ཐོག་སོགས་ཀྱིས་བཀུམས་པ་ལ་གོ་ཞིང་། དེ་ལ་གྲི་རིགས་བཅུ་གསུམ་དང་། གྲི་རོ་ལྔ་བཅས་སྣ་ཚོགས་ཡོད་པ་རྣམས་འདུར་བ་ལ་གྲི་འདུར་ཞེས་འབོད།།

མཚུན་ནི་སྤྱིར་བཏང་ཕ་མེས་ཤི་བའི་རྣམ་ཤེས་སམ་ཡིད་གཟུགས་ལ་གོ་ཡང་། བཀྲ་དང་མཚུན་གཉིས་སུ་ཕྱེ་བའི་མཚུན་ནི། གཤིན་གྲལ་བསྙེགས་ཟིན་པའི་རང་གི་ཕ་མར་གོ་དགོས་ཤིང་། དེ་ཡང་བུ་དང་བུ་མོ་གནས་ལ་བརྫངས་པའི་ཕ་མ་ཤི་བ་ལ་མཚུན་རབ་དང་། བུ་མང་པོ་ཡོད་པ་ལོགས་སུ་མ་གྱེས་པའི་ཕ་མ་ཤི་བར་མཚུན་འབྲིང་དང་། བུ་སྐྱེས་མ་ཐག་ནས་ཤི་བ་ལ་མཚུན་ཐ་ཞེས་བཤད་སྲོལ་མཆིས། མཚུན་གྱི་སྐོར་ལ་ཞིབ་པར་དཔྱད་ན་ད་ལྟ་ང་ཚོས་ལག་ཏུ་ལེན་བཞིན་པའི་ལུགས་སྲོལ་མང་པོ་ཞིག་གིས་འབྱུང་ཁུངས་གང་ཡིན་རྟོགས་ནུས་ཤིང་། མཚུན་གཞན་དུ་འཁྱམས་པའམ། མཚུན་གྱི་ལས་དབང་གུད་ན་བུ་དང་ཚ་བོའི་ལས་ལམ་འགྲོ་དང་། འཕེལ་གུད་ལ་ཤུགས་རྐྱེན་འབྱུང་གི་ཡོད་སྟབས་དེ་རྣམས་བཟང་པོར་བསྒྱུར་བ་ལ་མཚུན་བཅོས་པའི་ཆོ་གར་འབད་དགོས་པར་མཚུན་བཅོས་ཀྱི་དཔེ་ཆ་ལས་གསལ།

བསྐལ་སྲིད་གཤོག་དང་གསུམ་ཞེས་པའི་སྐབས་ཀྱི་བསྐལ་སྲིད་ཀྱི་དོན་ནི་གཟི་བརྗིད་སྲིད་གཤེན་ཐེག་པའི་སྐབས་སུ། སྲིད་པ་ཤི་རབས་ཀྱི་བོན་སྡེ་དང་། དཔེ་དོན་ཤི་རབས་ཀྱི་བོན་སྡེ་ཞེས་པ་རྣམས་དང་། གབ་འགྲེལ་ལས། འདུར་བའི་ཐབས་ནི། ཤི་རབས་སྨྲང་གིས་བཀྲོལ། ཡས་ཐགས་རྟེན་དང་ཆས་ནས་འདུར་བ་དེ་ཡང་། བླ་ཡིད་སེམས་དང་གསུམ་ཕུང་པོ་ལུས་དང་བཞི་ལ་བརྟེན་པའི་ཤི་རབས་དང་ཆོ་འབྲང་བརྒྱ་ཉི་ཤུ། བསྐལ་སྲིད་གཤོག་དང་གསུམ་འདྲེན་པའི་ནམ་མཁའ་དང་བཞི་ལ་རྟེན་པའི་ཤི་རབས་དང་ཆོ་འབྲང་བརྒྱ་ཉི་ཤུ། ཞེས་གསུངས་པའི་ཤི་རབས་གྱི་བོན་སྡེ་རྣམས་དང་གཅིག་པ་ཡིན།  རྒྱུ་མཚན་ནི་ཆབ་ནག་ནུས་པ་སྨྲང་ལས་འབྱུང་གསུངས་པ་ལྟར་སྲིད་གཤེན་འདུར་གྱི་སྐབས་སུ་དང་བསྐལ་པའི་ཆགས་ལུགས་དང་། སྲིད་པའི་འཁྲུལ་ལུགས་དང་། སྔོན་གྱི་ལོ་རྒྱུས་དང་སྦྱར་ཏེ་སྐྱེ་དང་ཤི་བ་སོགས་ཀྱི་བཤད་པ་ཞིབ་ཕྲ་བྱས་ནས་འདུར་དགོས་པ་མུ་ཆོ་ཁྲོམ་འདུར་སོགས་འདུར་གཞུང་ཁག་ལས་གསལ་བ་ལྟར་བསྐལ་སྲིད་སྨྲང་ཤག་གིས་ཤི་གཤེད་འདུར་བ་ལ་གོ་དགོས་སོ།།

གཤོག་པ་ནི། གཤོག་པ་ནག་པོ་ཕྱི་ཡི་འདུར། །ཞེས་ཕྱི་འདུར་ལ་བགྲངས་པའི་སྐབས་ཀྱི་ཕྱག་མཚན་ནམ་རྫས་ཆ་གཤོག་པར་གོ་བ་དང་། ཕྱི་འདུར་གྱི་སྐབས་སུ་རྫས་གཤོག་པ་ལ་བརྟེན་ནས་འདུར་བས་ན་(འཕྲུལ་ཡིག་བཞི་བཅུ་དང་། དཔའ་བོ་འབྲུ་ལྔ་སོགས་བཀོད་པའི་གཤོག་པ་དགོས།)གཤོག་འདུར་ཞེས་བརྗོད་ཅིང་། གཤོག་པ་ནག་པོའི་འདུར་ནི་སྲིད་གཤེན་པའི་འདུར་དང་གཅིག་པ་ཡིན།

དེ་ཡང་ མུ་ཆོ་ཁྲོམ་འདུར་ནང་བཀྲ་རྒན་འདུར་བ་ལ་རྒོད་གཤོག་དང་། རྒྱལ་པོ་འདུར་བ་ལ་དགུང་སྔོན་གཤོག་རིང་། དཔའ་བོ་འདུར་བ་ལ་གློག་མོ་མཁལ་དཀར་གཤོག་པ། ཕྱུག་པོའི་འདུར་བ་ལ་ཀླུ་བྱ་མགུར་དཀར་གྱི་གཤོག་པ། ཁ་དྲག་འཕེན་པ་འདུར་བར་ལྷ་བྱ་གོང་མོའི་གཤོག་པ། མོ་བཙུན་དབྱལ་མོ་འདུར་བར་གཉན་བྱ་སྐྱུང་ཀའི་གཤོག་པ་སོགས་འདུར་ཡུལ་རེ་རེར་གཤོག་པ་མི་འདྲ་བ་རེ་དགོས་པར་གསུངས་ཤིང་། གཤོག་པའི་ཡོན་ཏན་བཤད་པའི་སྐབས་སུ། སྟོབས་ཀྱིས་དམྱལ་བའི་འཇིག་རྟེན་བསྔང་། །ཤུགས་ཀྱིས་གཤིན་རྗེའི་བཀའ་སྒྲོམ་བཅོས། །རྩེ་མོའི་དགའ་རི་ལྷུན་པོ་ནོན། །རྟིང་པས་ངན་སོང་ཁྲིམས་སྒོ་གཅོད། །རྐེད་པས་གཤིན་ཆུའི་རྦ་རླབས་གཞིལ། །ལོག་གི་པེ་མ་ཤག་ཀྱང་འདེབས། །གྲིབ་མ་ངན་པས་བླ་ཡང་བསྐོར། །ཞེས་དང་། གཤོག་རྫོང་ཕྱག་ཏུ་གཡུག་ཙམ་ན། །ལྷ་དམག་མང་པོ་འུབ་ཀྱིས་འདུས། །ཞེས་དང་། གསོན་གྱི་ལྷ་སྒོ་གཤོག་པས་ཕྱེས། །ཤི་བའི་འདུར་སྒོ་གཤོག་པས་ཆོད། །ཉམ་ནོང་གཙང་སར་གཤོག་པས་འདྲེན། ཤི་གསོན་དགའ་ངོ་གཤོག་པས་སྤྲད། །གཡུང་དྲུང་གྲུབ་ལམ་གཤོག་པས་མཚན། །གཤོག་པས་ཕན་བསོད་དེ་ལྟར་ཆེ། །ཞེས་གསུངས་པ་དང་།  ཡང་བྱམས་པ་འཕྲུལ་གྱི་གཤོག་པས་ན་རག་དམྱལ་བ་གནོན་པ། ཀུན་སྙོམ་སྦྱིན་པའི་གཤོག་པས་ཡི་དྭགས་གཅོད་པ། དེ་བཞིན་ཡེ་ཤེས་གསལ་བྱེད་གཤོག་པ། ཚུལ་་་(པར་སྐྱོན་གྱིས་ཚིག་འགའ་མ་གསལ།)། རང་འབྱུང་ཡེ་ཤེས་གཤོག་པ། བརྩོན་འགྲུས་ཡིད་ཀྱི་གཤོག་པ། བོན་ཉིད་སྟོང་པའི་གཤོག་པ། ཡེ་ཤེས་སྤྲུལ་པའི་གཤོག་པ་བཅས་ཀྱིས་བྱོལ་སོང་དང་། མི། ལྷ་མིན། ལྷ། བར་དོ་བཅས་ཀྱི་གནས་ངན་གཅོད་ནས་མཐོ་རིས་ཐར་པའི་ལམ་འདྲེན་པ་བཤད་པར་བརྟགས་ན་གཤོག་པ་འདི་ལ་ཀུན་རྫོབ་དང་དོན་དམ་གྱི་གཤོག་པ་གཉིས་སུ་ཡོད་པར་མངོན་ཤིང་། སྲིད་གཤེན་པའི་འདུར་གྱི་སྐབས་སུ་གཤོག་པ་ནི་ཐུན་མོང་མ་ཡིན་པའི་ནུས་པ་ལྡན་པའི་རྫས་ཆ་ཞིག་ཏུ་ངོས་འཛིན་གནང་ཡོད་པ་མུ་ཆོ་ཁྲོམ་འདུར་ནང་གཤོག་བདུད་བཀར་བའི་ལེའུ་དང་། གཤོག་རབས་ཀྱི་ལེའུ། གཤོག་པ་བཞེངས་ཚུལ་བཅས་ལས་གསལ་བས་གཤོག་པའི་སྐོར་ཞིབ་ཕྲ་རྟོགས་པར་འདོད་པ་རྣམས་ཀྱིས་མུ་ཆོ་ཁྲོམ་འདུར་རང་ལ་གཟིགས་དགོས་སོ། །

སྐབས་འདིའི་བླ་ནི་སྲོག་གི་རྟེན་གཞིར་གྱུར་པའི་ནུས་པའམ་དྭང་མ་ཞིག་ལ་འདོད་ཅིང་། འདི་ཉིད་བག་ཆགས་དང་བསྡོངས་ནས་བར་དོ་དང་ཡུལ་གཞན་དུ་འཁྱམས་ཏེ་ཀུན་གཞིར་བག་ཆགས་གསོག་པ་དང་། གཤེད་མས་བཟུང་ནས་གཅོད་སྦྱོང་བྱེད་པ། ལྷ་འདྲེས་བརྐུས་ན་བླ་ཚེ་སྟོར་བ་བཅས་འབྱུང་བ་ཡིན། ད་དུང་ཉིན་རེ་བཞིན་ལུས་ཀྱི་གནས་རྗེ་ནས་འགྲོ་ཞིང་ཚེས་བཅོ་ལྔར་སྤྱི་བོ་དང་། གནམ་སྟོང་ལ་རྐང་མཐིལ་དུ་སླེབས་པར་བཤད་ཡོད། འདི་ཉིད་ཕྱི་ཡི་འབྱུང་ཁམས་དང་འབྲེལ་བ་ཡོད་སྟབས་བླ་གཟའ་བླ་སྐར་དང་། གཤེད་གཟའ་སོགས་ཀྱི་མཐུན་པ་དང་མི་མཐུན་པའི་འབྲེལ་བའི་སྐོར་རྣམས་དཔེ་གཞན་ལས་ཞིབ་པར་གསལ། ཡིད་ནི་ཡུལ་བདེ་སྡུག་སྣ་ཚོགས་ལ་རྒྱུ་བའི་ཡིད་ཀྱི་རྣམ་ཤེས་དང་། སེམས་ནི་བག་ཆགས་ཀྱི་རྗེས་སུ་འབྲེང་བའི་ཀུན་གཞིར་ངོས་འཛིན་དགོས་པར་སེམས་སོ། །

(སྤྱིའི་གཟིགས་གྲངས། 85 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།