ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་བཅུ་པ།

ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡༢ པའི་ཚེས་ ༡༧ ནས་ ༡༨ བར་ཉིན་གཉིས་རིང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་བརྒྱད་པའི་བཤད་སྒྲུབ་འདུས་སྡེའི་གོ་སྒྲིག་འོག གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་མཆོག་ལྔའི་གསས་ཁང་མཐོང་གྲོལ་འོད་འབར་གྱི་ནང་དུ་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རིན་པོ་ཆེ་མཆོག་དང་། རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་ཕུན་ཚོགས། རྩ་འཛིན་སློབ་དཔོན་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་རྣམ་པ་བཞི་དང་། སྐབས་ཉེར་བརྒྱད་པའི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་བཅས་ལྷན་འཛོམས་ཐོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་གཉེར་བ་ ༤༢ ཀྱིས་གཏམ་བཤད་འགྲན་བསྡུར་གནང་ཡོད། སྤྱི་ཚེས་ ༡༧ ཞོགས་པའི་ཕྱག་ཚོད་ ༠༨ ཐོག་སྐབས་ཉེར་བརྒྱད་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་གཙུག་ཕུད་རྒྱལ་མཚན་གྱིས་གཏམ་བཤད་སྐབས་སུ་ཐུགས་སྣང་གནང་དགོས་པའི་སྒྲིག་གཞི་གསལ་བསྒྲགས་གནང་བ་དང་། སྐབས་ཉེར་བརྒྱད་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཕྲན་གཡུང་དྲུང་ཐོགས་མེད་ཀྱིས་དུས་ཚོད་སྟངས་འཛིན་བྱས་ཏེ། འཛིན་རིམ་འོག་མར་བོད་ཀྱི་སྐད་ཡིག་ཡར་སྐུལ་གྱི་གཏམ་བཤད་འགྲན་བསྡུར་ཐེངས་བཅུ་པ་དངོས་སུ་མགོ་བརྩམས་ནས་ཕྱི་དྲོའི་ཕྱག་ཚོད་ ༠༥ ཡི་བར་དུ་འཚོགས་ཡོད། གཏམ་བཤད་ཀྱི་བརྗོད་གཞི་ནི། བཅད་ལྷུག་སྤེལ་མའི་རྩོམ་སྟངས་དང་། དཔེ་བཀོལ་སྟངས། མིང་ཚིག་གི་སྦྱོར་སྟངས། ཚིག་ཉམས་འདོན་སྟངས། བརྗོད་བདེ་ལ་གོ་བ་ལེན་པ། སྐད་ཆའི་སྒྱུ་རྩལ་ལྡན་པ། ཐ་སྙད་ཕུན་སུམ་ཚོགས་པ། ཚིག་མཛེས་ཤིང་སྡེབ་ལེགས་པའི་བོད་སྐད་ཐོག་དྲི་མེད་གཟི་བརྗིད་ལས་བྱུང་བའི་གཏམ་རྒྱུད་ཀྱི་སྐོར་དང་། བོན་གྱི་ཆོ་ག་འཕྲིན་ལས། འཛིན་གྲྭ་རང་རང་གི་སྐབས་བབས་སྦྱང་བྱའི་གཞུང་ལུགས་ཀྱི་སྐོར་བཅས་ཁག་གསུམ་ལས་བརྗོད་བྱ་བདམས་ཏེ། རི་དྭགས་དང་འདབ་ཆགས་ཀྱི་གཏམ་རྒྱུད། ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་སྐོར། རིགས་མཆོག་ཡབ་སྲས་ཀྱི་གཏམ་རྒྱུད། རྒྱལ་པོ་ཁྲི་ཤི་དབང་རྒྱལ་གྱི་སྐོར། གསང་སྔགས་ཕྱི་རྒྱུད་དང་ནང་རྒྱུད་ཀྱི་ཆོ་གའི་རིམ་པ། ཆོ་ག་ཕྱག་ལེན་གྱི་སྐོར། རང་རྟོགས་གཤེན་རབ་ཀྱི་སྐོར། ཐུགས་རྗེ་སེམས་དཔའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་སྐོར། ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ཡི་ངོ་སྤྲོད། ཡེ་གཤེན་བཀོད་པ་དོན་འབུམ་གྱི་གཞུང་དང་རོལ་པ་སྐྱེད་མཆེད་པའི་བར་གྱི་འབྲེལ་ལམ། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་སྐོར། རྩ་ཉོན་དང་ཉེ་ཉོན་གྱི་སྐོར། དགེ་བ་དང་མི་དགེ་བའི་སྐོར། མཚན་ཉིད་དང་མཚོན་བྱའི་སྐོར། ཚད་མིན་གྱི་བློ་ལྔའི་སྐོར། རྟགས་ཡང་དག་དང་རྟགས་ལྟར་སྣང་གི་སྐོར། ཚུལ་གསུམ་སྒྲུབ་སྟངས་སྐོར། རྗེས་དཔག་ཚད་མ་སྐྱེད་བྱེད་ཀྱི་དོན་ལྔའི་སྐོར། དུས་གསུམ་གྱི་སྐོར། བེམ་པོའི་སྐོར། རྒྱུ་དྲུག་གི་སྐོར། རིགས་ལམ་གྱི་སྐོར། རྟགས་བསལ་གཏོང་སྟངས། དངོས་པོ་དང་དངོས་པོའི་ཁྱབ་མཉམ་གྱི་སྐོར། སྤྱི་དང་བྱེ་བྲག འགལ་བ་དང་འབྲེལ་བའི་སྐོར། གཅིག་དང་ཐ་དད་ཀྱི་སྐོར་བཅས་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད། གཏམ་བཤད་སྐབས་སུ་དྲི་མེད་གཟི་བརྗིད་ལས་བྱུང་བའི་གཏམ་རྒྱུད་ནང་གི་དཔེ་དང་ཐ་སྙད། ཚིག་སྦྱོར་དང་བྱ་ཚིག ཡིད་འགུལ་ཐེབས་པའི་ཚིག་སྙན་པོ་རྣམས་གཏམ་བཤད་ཀྱི་ནང་དུ་དྲངས་ཏེ་རང་གི་སྐད་ཆ་དང་བསྲེས་ནས་གཏམ་བཤད་གནང་པས་སྐད་ཆ་ཇེ་སྙན་དང་གཏམ་བཤད་ལྷུག་པོར་ཆགས་ཐུབ་ཡོད་པ་མ་ཟད། སྐད་ཆའི་སྒྱུ་རྩལ་ཐོན་ཞིང་ཐ་སྙད་དང་ཚིག་སྦྱོར་ཡང་སྔར་ལས་འཐུས་ཚང་དང་ཕྱུག་ཏུ་སོང་ཡོད། དགེ་རྒན་རྣམས་ཀྱིས་ཀྱང་གཏམ་བཤད་སྐབས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཀྱི་སྤུས་ཚད་དང་དོན་གྱི་འགག་རྩ་བཀྲོལ་ལུགས་ངག་རིག་གི་སྒྱུ་རྩལ་སོགས་ལ་གཞིགས་སྟེ་སྐར་གྲངས་སྤྲད་ཡོད་པ་དང་། སྤྱི་ཚེས་བཅོ་བརྒྱད་ཉིན་ཞོགས་པའི་ཕྱག་ཚོད་ ༠༨ ཐོག་སྔར་ཉིན་བཞིན་གཏམ་བཤད་འགྲན་བསྡུར་དབུ་འཛུགས་བྱས་ནས་མཐར་ཕྱི་དྲོའི་ཕྱག་ཚོད་ ༠༣ ཐོག་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་ནས་གཏམ་བཤད་འགྲན་བསྡུར་དང་འབྲེལ་བའི་དགེ་འདོན་སྐྱོན་སེལ་གྱི་བཀའ་སློབ་བཀའ་དྲིན་བསྐྱང་རྗེས་ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱི་མཇུག་ཡོངས་སུ་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༨ ཉིན་རླུང་བུས་འཕྲལ་དུ་བྲིས།

(སྤྱིའི་གཟིགས་གྲངས། 489 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཚད་མའི་རིག…
error: རྩོམ་འདི་བདག་དབང་ཅན་ཡིན།