གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཐེངས་དགུ་པའི་གཞུང་ཆེན་ཆེད་སྦྱོང་བགྲོ་གླེང་འཚོགས་པ།
གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ལྔ་པའི་གསང་སྔགས་ཆེད་སྦྱོང་འཛིན་གྲྭ་ལོ་རིམ་དང་པོ་དང་། སྐབས་གཉིས་པའི་རྫོགས་ཆེན་ཆེད་སྦྱོང་འཛིན་གྲྭ་ལོ་རིམ་དང་པོའི་འཆད་རྒྱུགས་ཀྱི་གནས་བསྡུས་སྐོར།
ཕྱི་ལོ་ ༢༠༢༤ ༡༢ ༣༠ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ འདུས་སྡེ་ཀུན་ཞལ་འཛོམས་ཐོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་དང་། དཔྱད་འདེམས་དགེ་རྒན་རྩ་འཛིན་སློབ་དཔོན་རྣམ་པ་དང་། དགེ་བའི་བཤེས་གཉེན་རྣམས་རྒྱུགས་དཔང་དུ་ཕེབས། ཐོག་མར་བཤད་རྒྱུགས་གཙོ་སྐྱོང་བ་རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་ལགས་ཀྱིས་བཤད་རྒྱུགས་ཀྱི་དགེ་ཕན་སྐོར་ལ་གཏམ་བཤད་གནང་།
དེ་རྗེས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསང་སྔགས་མ་རྒྱུད་ཆེད་སྦྱོང་ལོ་རིམ་དང་པོའི་སློབ་གཉེར་བ་བདེ་ཆེན་དཔལ་ལྡན་ལགས་ཀྱིས་མ་རྒྱུད་བཤད་རྒྱུགས་ཀྱི་བརྗོད་གཞི་དྲུག་ལས་རྒྱན་བླངས་ཏེ། བརྗོད་གཞི་གསུམ་པ། <<གཞི་ཡེ་སངས་རྒྱས་པའི་ཁྲིད་ལས་གཞི་དྲུག་གི་སྔ་ཕྱིའི་གོ་རིམ་འབྲེལ་ཚུལ་སྐོར་>> ནས་ཆུ་ཚོད་ཕྱེད་ཀའི་རིང་གཏམ་བཤད་དང་། སྐར་མ་བཅོ་ལྔའི་རིང་དྲི་བ་དྲིས་ལན་གནང་།
དེ་རྗེས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་མ་རྒྱུད་ཀྱི་རྩ་རླུང་ཐིག་གསུམ་སྐོར་ཆེད་སྦྱོང་ལོ་རིམ་དང་པོའི་སློབ་གཉེར་བ་གཡུང་དྲུང་ཐོགས་མེད་ལགས་ཀྱིས་བརྗོད་གཞི་དྲུག་ལས་ཨང་ལྔ་པ་<<གསང་སྔགས་ཀྱི་གཞུང་རྣམས་ལས་རྩ་འདབ་མང་ཉུང་མི་འདྲ་བའི་རྒྱུ་མཚན་དང་། འཁོར་ལོ་དང་འདབ་མ་གཡས་གཡོན་དབུས་མཐིང་རྣམས་གནས་རྩ་དང་སྒོམ་རྩ་གང་ཡིན་སྐོར་>>ནས་བགྲོ་གླེང་གཏམ་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་གཉིས་པའི་རྫོགས་ཆེན་ཆེད་སྦྱོང་འཛིན་གྲྭ་ལོ་རིམ་དང་པོའི་སློབ་གཉེར་བ་རྒྱལ་སྲས་ཚུལ་ཁྲིམས་ལགས་ཀྱིས། བརྗོད་གཞི་གསུམ་པ། <<མཉམ་བཞག་སྒོམ་པའི་ལག་ལེན་དང་། རིགས་དྲུག་རང་སྦྱོང་བཅས་ལས་འཕྲོས་ཏེ་སྙན་རྒྱུད་ཀྱི་ཕྱི་ནང་གི་སྔོན་འགྲོའི་སྐོར་>> ནས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་གྲུབ་རྗེས་གཙོ་སྐྱོང་བ་རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་ལགས་ཀྱིས་མཇུག་བསྡུའི་གཏམ་བཤད་གནང་བ་བཅས་ཀྱིས་གནས་བསྡུས་སུ་
མེ་ལོ་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༤ ༡༢ ༣༠ ཉིན་སྤེལ།། །།