གཤེན་བསྟན་དར་རྒྱས་གླིང་དུ་སྨན་ལྷའི་ཞབས་བརྟན་བསྒྲུབས་པ།
༄༅། །ཉེ་བའི་ཆར་༧དཔལ་ལྡན་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་ཆེན་པོ་མཆོག་བསྙུན་ཁམས་ཅུང་ཟད་མི་བདེ་བའི་གནས་ཚུལ་ལགས་ཀྱང་དེང་ཆར་སྐུ་ཁམས་ཇེ་གསལ་ཡིན་པའི་གཏམ་བཟང་དུ་གྱུར། སྐབས་ཐོག་འདིར་རྒྱ་ཆེའི་བོན་འབངས་ལྷ་སྡེ་རྣམས་དང་། དགོན་སྡེ་ཁག་གིས་མ་བགོས་དང་བླངས་ཀྱིས་ཞབས་བརྟན་ཆེ་ཕྲ་ཆུང་གསུམ་ཅི་རིགས་བསྒྲུབས་དང་སྒྲུབ་བཞིན་པར་ཡིད་རངས་དང་བསྔགས་བརྗོད་ཞུ་འོས་སུ་མཆིས། ལྷག་ཏུ་ཉེ་ཆར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་༧རྒྱལ་བ་སྨན་རི་བའི་སྐུ་ཚེའི་ཞབས་བརྟན་ནམ། སྨན་བཅོས་སྐུ་རིམ་ཆེད་༧ཁྲི་བརྟན་ནོར་བུ་རྩེའི་ལྷ་འབངས་ཐུན་མོང་ལ་དམིགས་བསལ་སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ནས་བཀའ་དབང་དང་། བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ་བ་ལྟར་འདི་གའི་གཤེན་བསྟན་དར་རྒྱས་གླིང་འདུས་ཚོགས་ནས་ཀྱང་ཕྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༡༦ ནས་ཚེས་ ༢༢ བར་བདུན་གཅིག་རིང་སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ཉིན་ལྟར་འདིར་བཞུགས་བླ་མ་དང་ཉམས་ལེན་པ་ཐུན་མོང་གིས་གཞུང་བསྲངས་ཤིང་མཆོད་སྦྱིན་བྱས་པ་དང་། སྨན་ལྷའི་བསྙེན་འཛབ་བསགས་ཤིང་སྐུ་གླུད་ཕུད་པ་སོགས་བྱས་པ་མ་ཟད་ཚེས་ ༡༩ དང་ ༢༠ གཉིས་ལ་དཔེ་ཁྲིད་དང་ཉམས་ལེན་སྦྲགས་མའི་སྒོ་ནས་མགོན་པོ་མཆོག་གི་གསང་གསུམ་གྱི་མཛད་འཕྲིན་རྒྱས་ཤིང་། སྐུ་ཁམས་གསལ་དྭངས་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུས་པའི་གནས་བསྡུས་སུ།
སྲིད་པའི་མིག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༠༣ ཚེས་ ༢༢ ཉིན།