ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་མི་ལོ་བཅུ་བདུན་ཙམ་གྱི་རིང་མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་གནང་སྟེ་སློབ་པ་མཐར་སོན་པའི་གྲྭ་བཙུན་བདུན་ལ་འདི་ལོར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་རྒྱུ་ཡིན་པ་དང་མཛད་རིམ་ཉིན་དྲུག་གི་རིང་དུ་ད་ལན་གྱི་དགེ་བཤེས་མཛད་སྒོ་ཆེན་མོ་འདི་ཉིད་གཉེར་རྒྱུ་ཡིན་འདུག དེ་རིང་སྟེ་ཕྱི་ལོ་ ༢༠༢༤ བོད་ཤིང་འབྲུག་ལོའི་ཕྱི་ཟླ་༢པའི་ཚེས་༢༠ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དངོས་སུ་དབུ་འཛུག་གནང་ཡོད།

དེ་ཡང་སྔ་དྲོ་ཕྱག་ཚོད་༩པའི་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་སྤོས་རྒྱས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། དེ་ནས་དགེ་འདུན་རྣམ་པ་དང་མཛད་སྒོའི་སྐུ་མགྲོན། དེ་བཞིན་སེར་སྐྱ་མང་ཚོགས་བཅས་འཚོགས་པའི་དབུས་སུ་བཀའ་རམས་པ་ཤེལ་ཞིག་དྲང་སྲོང་བདེ་ལེགས་གཡུང་དྲུང་འགྱུར་མེད་དང་།  བཀའ་རམས་པ་ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན། བཀའ་རམས་པ་ཞང་ཞུང་དྲང་སྲོང་ཚུལ་ཁྲིམས་རབ་བརྟན་རྒྱལ་མཚན་གསུམ་ནས་སྔོན་འགྲོའི་བཤད་པ་གྱེར་གནང་བ་དང་། དེ་དང་ལྷན་གཟབ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། ཕྱག་ཚོད་༡༢ཐོག་བཀའ་རམས་པ་རྣམ་པ་གསུམ་ཐུན་མོང་ནས་ཉིན་གུང་གི་གཏོང་སྒོ་ཆེན་མོ་དང་། ཕྱག་ཚོད་༣པའི་ཐོག་བཀའ་རམས་པ་རྣམ་པ་གསུམ་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཇ་དང་བཞེས་བྲོ་འདེག་འབུལ་ཞུས་པ་བཅས་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོའི་གནས་བསྡུས་སུ་སྐྱ་ཀ་ཁྲ་བོ་ནས་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༠ ཉིན།

བཀའ་རམས་པ་ཤེལ་ཞིག་བདེ་ལེགས་གཡུང་དྲུང་གི་ལོ་རྒྱུས་མདོར་བསྡུས།

ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་ཤེལ་ཞིག་གི་གདུང་ལས་འཁྲུངས་པའི་བཀའ་རམས་པ་ཤེལ་ཞིག་བདེ་ལེགས་གཡུང་དྲུང་མཆོག་ནི་མདོ་ཁམས་ཁྱུང་པོ་ཟམ་ཞིག་ཤེལ་ཞིག་བླ་བྲང་དུ་ཡབ་ཤེལ་ཞིག་ཚེ་དབང་རྒྱལ་མཚན་དང་། ཡུམ་མན་བཟའ་གཡང་འཛོམས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༠ ཚེས ༡༢ ལ་འཁྲུངས། ཆུང་དུས་མིང་ལ་རྗེས་འབྲུག་ཟེར། དེ་ནས་ལོ་བདུན་གྱི་སྐབས་སུ་ཨ་མྱེ་སྦ་སྦའི་མདུན་ནས་ཀ་ཁ་སྦྱངས། ལོ་བརྒྱད་ཀྱི་སྐབས་སུ་ཁོང་གི་ཁུ་བོ་རིན་ཆེན་གསལ་སྒོང་གི་མདུན་གཡུ་ཕུག་རི་ཁྲོད་དུ་ཕེབས་ཏེ། ཁུ་བོ་རིན་ཆེན་གསལ་སྒོང་དང་ལྷ་ལྡོང་བྲིས་པ་རབ་དབུ་གཉིས་ཀྱི་དྲུང་ནས་ལོ་བཞི་ཡི་རིང་ཀློག་འདོན་ལ་བྱང་ཆུབ་པར་སྦྱངས། དེ་ནས་བླ་མ་གཙུག་ཕུད་རིན་པོ་ཆེའི་མདུན་ནས་བཀའ་ལུང་རྒྱ་མཚོའི་སྔོན་འགྲོ་ཞུས་ཤིང་སྔོན་འགྲོའི་བསགས་སྦྱང་ཆ་ཚང་དང་འཕོ་བ་རྟགས་ཐོན་པར་སྦྱངས། དེའི་རྗེས་སེམས་ཁྲིད་དང་དངོས་གཞི་ཞུས་ཤིང་རྩ་རླུང་ཞག་བརྒྱ་དང་མུན་མཚམས་ཞེ་དགུ་སོགས་ལ་སྦྱང་པ་བྱས། དེའི་སྐབས་སུ་བླ་མ་གཙུག་ཕུད་རིན་པོ་ཆེའི་མདུན་ནས་ཤར་རྫ་རིན་པོ་ཆེའི་དངོས་གཞི་ཡང་ཏིག ཀུན་བཟང་སྙིང་ཏིག སྡེ་སྣོད་མཛོད། དབྱིངས་རིག་མཛོད། ལྷ་གཉེན་ཤེལ་སྒོང་། རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་སྐོར་སོགས་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ནས་ཁྲིད་ལུང་མང་པོ་ཐོབ། དེ་རྗེས་མ་རྒྱུད་ཀྱི་རྣལ་འབྱོར་པ་ཚེ་དང་སྒྲུབ་པ་མཉམ་སྐྱེལ་གནང་མཁན་སྨན་རིའི་དགེ་བཤེས་ཞིང་གཤེགས་དམ་པ་གར་ཚ་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོའི་མདུན་ནས་བརྡ་དག་སྐོར་སྦྱངས། ཕྱི་ལོ་ ༢༠༠༦ ལོར་བལ་ཡུལ་དུ་འབྱོར་ཏེ་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་སྡུད་རྟགས་བློ་གསུམ། ཐེག་འགྲེལ། ས་ལམ་ཕར་གསུམ། དབུ་མཛོད་འདུལ་གསུམ། སྔགས་རྫོགས་བཅས་ལོ་བཅུ་གསུམ་རིང་དུ་བརྩོན་པ་གནང་། དེ་དག་དང་ལྷན་རིག་གནས་བརྡ་དག་སྙན་གསུམ། རྩིས་སྐར་ནག། ཐིག་རྡུལ་ཚོན། སྒྲ་སྨན་སོགས་སྤྱི་མཚུངས་བཞིན་དུ་གསན་བསམ་གནང་། ཡོངས་འཛིན་རིན་པོ་ཆེ་གཙོས་པའི་རིན་པོ་ཆེ་རྣམ་པའི་མདུན་ནས་མ་རྒྱུད་གཙོས་པའི་དབང་ལུང་ཁྲིད་སོགས་སློབ་གཉེར་པ་བྱིང་ལ་གང་གནང་བ་དག་ཆ་ཚང་བ་ཐོབ། དེའི་རྗེས་རིན་པོ་ཆེ་རྣམ་པས་སྲོལ་བཟང་གྱི་ལམ་སྟོན་གནང་བ་བཞིན་སྒྲུབ་གྲྭའམ་སྒོམ་གྲྭའི་ཁོངས་སུ་ལོ་གསུམ་རིང་ཞུགས་ཏེ། ཨ་རྫོགས་སྙན་གསུམ་དང་། གབ་པ་མ་བུ་བཅས་གསན་བསམ་གནང་། ཕྱི་ལོ་ ༢༠༢༣ ལོར་ཧོར་ཟླ་ ༡༢ ཆུ་མོ་ཡོས་ལོའི་བདག་ཅག་སྟོན་པའི་འཁྲུངས་མཆོད་ཉིན་སྒྲུབ་གྲྭའི་སྒྲིག་ཁྲིམས་མཐར་ཕྱིན་ནས་སྤྱི་མཚུངས་བཞིན་སྒྲུབ་ཐོན་པའི་མཚན་བཏགས་དང་ཕྱག་འཁྱེར་བཞེས་ཤིང་ཁྲི་འདོན་གྱི་མཛད་སྒོ་སོགས་གྲུབ་པ་དང་། འདི་ལོར་དགེ་བཤེས་གཏོང་དགོས་ཕྱིར་མཚན་ཉིད་པའི་སྒྲིག་སྲོལ་བཞིན་བཀའ་རམས་པའི་མཚན་ཐོག་ནས་བཀའ་རམས་པ་གཞན་དང་སྤྱི་མཚུངས་བཞིན་འཚོགས་འཆད་ར་སོགས་ལ་ཕེབས་ནས་དམ་བཅའ་ཚིག་བཀྲ་མཆོད་ཚིག་སོགས་བློ་འཛིན་གནང་རྗེས་བློ་རྒྱུགས་བཅས་དགེ་བཤེས་ཀྱི་སྟ་གོན་ཡོངས་རྫོགས་གྲུབ་ནས་བོད་ཤིང་འབྲུག་ལོའི་ཧོར་ཟླ་ ༠༡ ཚེས་ ༡༡ ཉིན་ལ་དགེ་བཤེས་ཀྱི་སྔོན་འགྲོའི་བཤད་པ་གནང་བ་བཅས་ཀྱི་ལོ་རྒྱུས་དང་གནས་ཚུལ་མདོར་བསྡུས་སུ་རིག་ཁུག་གིས་བསྡུས་ཏེ་ཕུལ།

བཀའ་རམས་པ་ཤེས་རབ་མཐར་ཕྱིན་གྱི་ལོ་རྒྱུས་མདོར་བསྡུས།

གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཀའ་རམས་པ་ཤེས་རབ་མཐར་ཕྱིན་ལགས་ནི་བོད་ལྗོངས་ནག་ཆུའི་མངའ་ཁོང་སྦྲ་ཆེན་རྫོང་ཡ་ང་ཤང་ཁྲོམ་ཚང་འགག་གོང་ཞེས་པའི་ས་གནས་སུ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཁོང་འབྲོག་ཁུལ་དུ་ཐོག་མར་ཕ་དམ་པ་དེ་ཉིད་ཀྱིས་ཡི་གེ་འདོན་ཀློག་བསླབ་ནས་རིམ་པས་འཚར་ལོངས་བྱུང་སྟེ་སླར་ཡང་དབུ་རི་བླ་མ་ཡེ་ཤེས་རྒྱ་མཚོ་མཆོག་གི་མདུན་ནས་བོད་ཡིག་ཀློག་འདོན་སྦྱངས། དེ་རྗེས་དགེ་རྒན་རྒྱ་རི་ཚེ་དབང་རྒྱལ་མཚན་མཆོག་གི་མདུན་ནས་ཆོ་ག་ཕྱག་ལེན་གྱི་འཕྲིན་ལས་གོ་རིམ་དང་གྱེར་དབྱངས་གདངས་གསུམ་སྐོར་ཟླ་ཤས་རིང་སྦྱང་བའི་གོ་སྐབས་ཐོབ། དེ་ནས་རང་ཡུལ་ལུང་པར་གཤིན་པོའི་དགེ་བསྔོ་དང་གསོན་པོའི་ཞབས་རིམ་སོགས་ཞབས་ཞུ་གང་ཐུབ་གནང་ནས་ཞོར་དུ་གྲུབ་ཆེན་ནམ་མཁའ་རིན་པོ་ཆེ་དང་རྒྱ་མཚོ་ནོར་བུ་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་ནས་སྔོན་འགྲོ་བསགས་སྦྱངས་དང་དངོས་གཞི་ཞུས། ཕྱི་ལོ་ ༢༠༠༤ ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་འབྱོར་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ཏེ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་མཁན་སློབ་དང་དགེ་རྒན་རྣམ་པའི་མདུན་ནས་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དབང་ལུང་ཁྲིད་གསུམ་དང་། ཐུན་མོང་རིག་གནས་བཅས་གསན་བསམ་སློབ་གཉེར་གནང་བའི་གོ་སྐབས་ཐོབ། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༤ ཉིན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས་ནས་མཚན་ལ་ཤེས་རབ་གཡུང་དྲུང་མཐར་ཕྱིན་ཞེས་བསྩལ། ཁོང་གི་སློབ་གཉེར་གནང་བའི་རྒྱུད་རིམ་ཁྲོད་ནས་དམིགས་བསལ་ངག་རྒྱུགས་ཕུལ་བའི་སྐོར།  ཕྱི་ལོ་ ༢༠༠༥ ལོར་ཀུན་མཁྱེན་ཉི་མའི་སྡུས་གྲྭ། ༢༠༠༦ ལོར་དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས། ༢༠༠༧ ལོར་རྗེ་ཡི་ཚད་མའི་རང་འགྲེལ། ༢༠༠༨ ལོར་ཐེག་འགྲེལ་མེ་ལོང་དགུ་སྐོར་མདོ་གཞུང་ཆ་ཚང་བཅས་ངག་རྒྱུགས་ཕུལ། ཕྱི་ལོ་ ༢༠༠༥ ནས་ ༢༠༠༨ བར་མི་ལོ་༤རིང་བཤད་གྲྭ་བའི་ཚོགས་དང་འཆད་ར་དཔེ་ཁྲིད་རིག་གནས་དཔེར་བརྗོད་བཅས་གཅིག་ཀྱང་མ་ཆད་པ་གནང་། ཕྱི་ལོ་ ༢༠༡༠ ལོར་གདན་ས་འདིར་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐབས་བྲིས་རྒྱུགས་ཨང་དང་པོ་ཐོབ་པ་དང་། བཤད་གྲྭའི་སློབ་ཡུན་རྫོགས་ཟིན་ནས་སླར་ཡང་སྒོམ་གྲྭར་ཞུགས་ཏེ་ལོ་གསུམ་རིང་རྫོགས་ཆེན་རྒྱུད་སྡེ་སོགས་སྒོམ་སྒྲུབ་ཉམས་ལེན་གནང་ནས་ཕྱི་ལོ་ ༢༠༢༣ ཧོར་ཟླ་ ༡༢ ཚེས་ ༡༥ ཉིན་སྒྲུབ་གྲྭ་ཐོན་ནས་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས། སློབ་གཉེར་གྱི་ཞོར་དུ་གདན་ས་འདིར་ཞབས་བརྟན་དབུ་མཛད་ལོ་མང་རིང་གནང་བ་མ་ཟད། གྲྭ་ཚང་གི་དབུ་སྐྱོར་ལོ་གཅིག་དང་མཆོད་དཔོན། དེ་བཞིན་དུང་པ་རྒྱ་གླིང་དང་དུང་ཆེན་འབུད་མཁན་སོགས་ཆ་ཚང་གནང་མྱོང་། ཕྱི་ལོ་ ༢༠༢༣ ལོར་ལོ་གཅིག་གི་རིང་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭའི་དགེ་རྒན་གནང་བ་དང་། ཕྱི་ལོ་ ༢༠༢༤ ལོར་སྟོན་པའི་འཁྲུངས་མཆོད་ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་«ངག་གི་དབང་པོ»ཞེས་བསྩལ། ད་ལན་གདན་ས་འདིར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་དངོས་སུ་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

བཀའ་རམས་པ་ཞང་ཞུང་དྲང་སྲོང་ཚུལ་ཁྲིམས་རབ་བརྟན་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།

སློབ་གཉེར་བརྒྱུད་རིམ།

ཞང་ཞུང་ཚུལ་ཁྲིམས་རབ་བརྟན་ནམ་དྲ་མིང་དུ་ཞང་ཚུལ་མི་རུ་འབོད་པ་ཁོང། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ ༢༠༠༦ ལོར་བཤད་གྲྭར་ཞུགས་ཏེ་ལོ་ངོ་ཧྲིལ་པོ་བཅུ་བདུན་གྱི་རིང་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་པ་དབུས་པའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་ལས་རྣམ་པའི་གཟིགས་སྐྱོང་བླ་མེད་འོག གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་སློབ་གཉེར་བྱས་པ་དང་། ༢༠༢༠ ནས་ ༢༠༢༣ བར་ལོ་གསུམ་ལ་<<གསང་སྔགས་བཀའ་འགྲེལ་གསལ་བྱེད>>དམིགས་བསལ་ཆེད་སྦྱོང་བྱས་ཏེ་སློབ་ཐོན་ཕྱག་འཁྱེར་བླངས། སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་དུ་རྩོད་རྒྱུགས་དང་། འཆད་རྒྱུགས། བྲིས་རྒྱུགས། སྙན་ངག་ཡིག་རྒྱུགས་བཅས་ཀྱི་ཨང་རིམ་དང་པོའི་བྱ་དགའ་ཡང་མང་པོ་ཐོབ་མྱོང་། སློབ་གཉེར་སྐབས་<<ཚད་མ་རྣམ་འབྱེད་ཀྱི་འགྲེལ་པ་>>དང་། <<སློབ་དཔོན་ཡོན་ཏན་རྒྱ་མཚོའི་རྟགས་རིགས།>> <<ཐུན་མོང་སྡུད་གྲྭ་>>བཅས་དམིགས་བསལ་ངག་རྒྱུགས་ཕུལ། ཕྱི་ལོ་ ༢༠༢༣ ལོར་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གསུམ་པའི་བཀའ་རམས་པའི་མཚན་གནས་བསྩལ་བ་དང་། ཕྱི་ལོ་ ༢༠༢༤ ལོར་ཧོར་ཟླ་ ༡༢ པའི་རྒྱལ་ཟླའི་ཚེས་ ༡༥ སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེའི་འཁྲུངས་མཆོད་ཉིན། ༧སྐྱབས་རྗེ་མཁན་སློབ་རྣམ་པའི་སྐུ་མདུན་དུ་རིག་གནས་ཀྱི་ཤོག་ཁྲ་གཟིགས་འབུལ་དང་། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུཡེ་མཁྱེན་མཐའ་བཞི་རང་གྲོལཞེས་གསོལ་ཡོད།

རྩོམ་རིག་ཉམས་མྱོང་།

ཕྱི་ལོ་ ༢༠༡༠ ནས་རྩོམ་རིག་ལ་ཞུགས་ཏེ་སྙན་རྩོམ་དང་དཔྱད་རྩོམ་སྣ་ཚོགས་བྲིས་ཏེ་དྲ་རྒྱ་དང་། དུས་དེབ་ཁག་ཏུ་ད་བར་དཔྱད་རྩོམ་བཅུ་ཕྲག་ལྷག་སྤེལ། དེ་དག་ལ་གདེང་འཇོག་དགའ་བསུ་བྱེད་མཁན་ཡང་མང་པོ་བྱུང་། ༢༠༡༥ ནས་ད་ལྟའི་བར་ལོ་ངོ་དགུའི་རིང་<<བགྲེས་པོའི་འབེལ་གཏམ་>>རྩོམ་སྒྲིག་པའི་འགན་ཁུར་བ་དང་། ད་ལྟ་ལས་ཐོག་གཙོ་སྒྲིག་པ་ཡིན། ༢༠༡༦ ལོར་སྙན་དེབ་<<ཚོར་བའི་གླིང་བུ་>>ཞེས་པ་འདོན་སྤེལ་བྱས། ད་ཆར་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་པའི་སྐལ་བཟང་གི་དུས་དང་འབྲེལ་ཁོང་གིས་བརྩམས་པའི་<<ཞང་བོད་གསོ་བ་རིག་པའི་ལོ་རྒྱུས་ཏི་སེའི་མགུལ་རྒྱན་>>ཞེས་པ་དང་། <<ཐོས་བསམ་གྱི་གཤོག་ཟུང་།>> <<དྲུང་མུའི་རྐང་ལམ་དཀར་པོ་>>ཞེས་པ་ཁྱོན་དེབ་གསུམ་འགྲེམས་སྤེལ་གནང་བཞིན་ཡོད། ད་དུང་དེབ་གཟུགས་སུ་མ་བསྐྲུན་པའི་ལོ་རྒྱུས་དང་། ལེགས་བཤད། གཞུང་ལུགས་བཅས་ཀྱི་རྩོམ་ཡིག་ཀྱང་མང་པོར་མཆིས།

ཤེས་ཡོན་དང་སྤྱི་ཚོགས་ཉམས་མྱོང་།

ཕྱི་ལོ་ ༢༠༡༥ ལོར་རྒྱུད་སྟོད་དུ་རིས་མེད་བགྲོ་གླེང་ཐེངས་དང་པོར་མཉམ་ཞུགས་བྱས་པ་དང་། ༢༠༡༩ ལོར་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཐེངས་ལྔ་པའི་ཚོགས་འདུར་དཔྱད་རྩོམ་སྒྲོགས་སྦྱང་བྱས། ༢༠༢༠ ནས་ ༢༠༢༣ བར་བོན་རིག་པའི་བགྲོ་གླེང་ཐེངས་དང་པོ་ནས་བཞི་པ་བར་གོ་སྒྲིག་པའི་འགན་ཁུར་དང་ཚོགས་འདུར་དཔྱད་རྩོམ་སྒྲོགས་སྦྱང་བྱས། ༢༠༢༢ ལོར་ཡོ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་དྲུག་པར་ཞུགས་ཏེ་དཔྱད་རྩོམ་སྒྲོགས་སྦྱང་ཞུས། ༢༠༢༣ ལོར་བལ་ཡུལ་དུ་ཚོགས་པའི་རིས་མེད་མཁས་པའི་བགྲོ་གླེང་ཐེངས་དང་པོར་ཞུགས། ད་དུང་ཚོགས་སྡེ་དང་སློབ་གྲྭ་འདྲ་མིན་ལ་བོད་ཀྱི་རིག་གནས་ལོ་རྒྱུས་གཏམ་བཤད་སོགས་བྱེད་མྱོང་། ༢༠༡༨ ནས་ད་བར་ལོ་ངོ་དྲུག་ལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལོ་རྒྱུས་དགེ་རྒན་གྱི་འགན་ཁུར། ༢༠༡༨ ལོར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེར་བཀའ་སློབ་ལམ་སྟོན་ཞུས་པ་གཞིར་བཟུང་། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ཞིབ་འཇུག་སྡེ་ཚན་ནས་བོན་གྱི་གསོ་རིག་ལོ་རྒྱུས་ལ་ཁྱོན་ལོ་ངོ་དྲུག་རིང་ཞིབ་འཇུག་བྱས། ༢༠༡༩ ལོར་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་ལྔ་པའི་དགེ་སྐོས་བྱས་པ་དང་། ལོ་དེར་<<བགྲེས་པོའི་འབེལ་གཏམ་ཕྱོགས་བསྒྲིགས་>>འདོན་སྤེལ་གྱི་ལས་ཀར་ཞུགས། ༢༠༢༠ ནས་ ༢༠༢༢ བར་ཞོར་དུ་ཡོངས་འཛིན་ཆེན་མོའི་རྣམ་ཐར་སྒྲ་ཕབ་དང་ཞུ་དག་བཅས་བྱས། ༢༠༡༧ ནས་བོན་དྲིས་ལན་དྲ་མཛོད་ཀྱི་ཚོགས་མི་བྱས་ཏེ་བོན་གྱི་སྐོར་ཤེས་ཡོན་མི་སྣ་ཁག་ལ་བཅར་འདྲི་དང་རྒྱང་འདྲི་ཅི་རིགས་ལས། དྲི་བ་དྲིས་ལན་ཁག་དྲ་བར་བཀོད་ཡོད། ༢༠༡༦ ནས་ད་བར་ཁྱོན་ལོ་ངོ་བརྒྱད་རིང་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བདུན་རེའི་བགྲོ་གླེང་དང་། བདུན་རེའི་རྩོམ་རྒྱུགས་ཞུ་དག་བཅས་ཀྱི་འགན་ཁུར་གནང་ཡོད་པ་བཅས་ཁོང་གི་ལོ་རྒྱུས་སྙིང་བསྡུས་སོ།། །།

པར་ལེན་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 574 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བཀའ་རམས་པ་…
error: རྩོམ་འདི་བདག་དབང་ཅན་ཡིན།