ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་དུ་མཚན་ཉིད་རིག་ལམ་གྱི་ལམ་སྲོལ་ལྟར་འཆད་ཉན་དབུ་བཙུགས་པ།

རྫོགས་པའི་སངས་རྒྱས་གཤེན་རབ་ཀྱིས། །སྒོ་མཛོད་ཐེག་པའི་རིམ་པ་སོགས། །

འགྲོ་ལ་གདམས་པའི་ཐབས་ལམ་གང་། །བདེན་དང་དེ་ཉིད་གསལ་ཕྱིར་ལགས།

 

དེ་ལྟར་མཛད་པ་རྒྱ་ཆེ་ཞིང་། །རྒྱས་བསྡུས་རྣམ་གྲངས་མང་ལགས་ཀྱང་། །

བཅུ་གཉིས་གྲངས་ཀྱིས་མཚོན་པ་ཡི། །རྣམ་ཐར་ལམ་ནས་གཤེན་རབ་མཇལ། །

 

ཚད་གསུམ་བདེན་གཉིས་ཟུང་འབྲེལ་བའི། །འཕྲུང་ངག་བོན་གྱི་བརྗོད་བྱ་དག །

ཉེས་ཟད་ལུང་དུ་ངེས་པས་ན། །སྡུག་བསྔལ་སེལ་བའི་སྨན་དུ་ཆེ། །

 

སྤོང་སྒྱུར་གྲོལ་ལམ་རིམ་པ་དག །གདུལ་བྱའི་བློ་དང་བསྟུན་པས་ན། །

གོང་འོག་ཐབས་ལམ་ཟབ་ཞན་དང་། །འབྲས་བུའང་གཅིག་ཏུ་མ་ངེས་སོ། །

 

སེམས་ཅན་དོན་བྱ་མ་གཏོགས་པའི། །སངས་རྒྱས་ལ་ནི་ལས་གཞན་མེད། །

ཅེས་པའི་གདམས་པ་གནད་བཟུང་བའི། །འགྲོ་འདྲེན་བླ་མ་རྣམས་ལ་གུས། །

 

དེ་ཡང་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ ༢༠༡༩ ཟླ་ ༤ ཚེས་ཤར་ཉི་ཤུའི་ནང་ཨོ་སུ་ཁྲུ་རིས་ཡའི་བོན་ཚོགས་ཡེ་ཤེས་གསལ་གླིང་ལ་ཕྱག་ཕེབས་གནང་སྟེ། དད་སྦྱིན་གཡུང་དྲུང་དབང་མོ་དང་། གཤེན་གྱི་རྣལ་འབྱོར་བ་བླ་མ་སངས་རྒྱས་སྨོན་ལམ་གཉིས་ནས་ཇི་ལྟར་འདོད་དོན་ཞུས་པ་བཞིན་ཚེས་ ༢༧ དང་ ༢༨ ལ་ཕྱོགས་ཁག་ནས་ཕེབས་པའི་སློབ་མ་རྣམས་ལ་མ་ཏྲི་རིན་ཆེན་སྒྲོན་མའི་སྒོམ་ཟླས་ཀྱི་ཁྲིད་ལུང་གནང་བ་དང་། དེར་མཚུངས་ཡེ་ཤེས་གསལ་གླིང་བོན་ཚོགས་ཀྱིས་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གསར་བཞེངས་གནང་བའི་སྟ་གོན་སྔོན་འགྲོའི་ལས་རིམ་མཐའ་དག་གྲུབ་པ་དང་བསྟུན་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་<<རྟེན་གྱི་གཟུངས་གཞུག་འབུལ་བྱེད་གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ་>>གྱི་ཕྱག་ལེན་གནང་སྟེ། མནན་གཟིར་གྱི་ལས་ཆོག་དང་། འབྱུང་བའི་རྩིག་རྨེང་གི་ནང་བཅུད་གཟུངས་གཞུག་ཕུལ་ཞིང་བཀྲ་ཤིས་མཐའ་བརྟན་གྱི་སྨོན་ལམ་གནང་བ་བཅས་ཉེ་ཆའི་གནས་བསྡུས་དང་།

གཤེན་བསྟན་དར་རྒྱས་གླིང་དུ་མཚན་ཉིད་རིག་ལམ་གྱི་ལམ་སྲོལ་ལྟར་འཆད་ཉན་དབུ་བཙུགས་པའི་ཚུལ་ལ། སྤྱིར་ན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་ཉེ་རིང་ཆགས་སྡང་བྲལ་བའི་ཐུགས་སྐྱེད་ཀྱི་རླབས་ཕྲེང་ལས་འོངས་པའི་གཞན་དོན་མཛད་པའི་ཚུལ་ནི། སྐྱེ་འགྲོར་ཞི་བདེ་བསྐྲུན་པའི་ཐབས་ལམ་གྱི་རྩ་བ་ཉག་གཅིག་སྟེ། བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཚུལ་བཞིན་ཉམས་སུ་ལེན་མིན་ལ་རགས་ལས་པ་དང་། དེ་ཡང་བླ་མ་དགེ་བའི་བཤེས་གཉེན་གྱིས་ལམ་སྟོན་ཡང་དག་པ་ཡོད་མིན་ལ་འབྲེལ་བ་ངེས་ཅན་གྲུབ་ཡོད་ཕྱིར། ད་སྔོན་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་དབུས་པས་འདི་གའི་བླ་མ་དགེ་བཤེས་རྣམས་ཀྱིས་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པའི་རྩ་བའི་བླ་མ་ཡོངས་འཛིན་མཁན་སློབ་རྣམ་གཉིས་ཀྱི་ཐུགས་དགོངས་རྗེས་སུ་བཟུང་སྟེ། འབྲེལ་ཡོད་སློབ་མ་རྣམས་ལ་འཁོས་ཀ་དང་ཁོར་ཡུག་ལ་དཔག་པའི་འཆད་ཉན་སྒོམ་སྒྲུབ་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་བཞིན་པའི་ཚུལ་ལས། འདི་ལོར་བཤད་གྲྭའི་ལམ་སྲོལ་ལྟར་སློབ་སྦྱོང་གི་གོ་སྐབས་བསྐྲུན་ཏེ་སློབ་མ་རྣམས་ལ་དངོས་སུ་སློབ་ཁྲིད་བཀའ་དྲིན་བསྐྱངས།

དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༠༥ ཉིན་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་འདིར་འཁོད་སློབ་མ་རྣམས་ལ་སློབ་ཁྲིད་དབུ་བཙུགས་ཏེ། མཁན་ཆེན་རིན་པོ་ཆེ་ནས་ཐོག་མར་སྟོན་པའི་སྤྱི་མཛད་བཅུ་གཉིས་ཀྱི་རྣམ་ཐར་ངོ་སྤྲོད་གནང་བ་དང་། དམིགས་བསལ་ལས་དང་པོ་བའི་འཇུག་སྒོ་བསྡུས་གྲྭའི་ཚན་པ་རེ་རེའི་དབྱེ་སྒོ་སྤྱི་ཡི་མཚན་མཚོན་གཞི་གསུམ་གྱི་གོ་དོན་དང་། རྟགས་བོན་བསལ་གསུམ་གྱི་ཁྱབ་ཚད་བཅས་དཔེ་དོན་གཉིས་ཀྱི་ལམ་ནས་ཚད་མའི་རིག་ལམ་ལ་འཇུག་པའི་བློ་སྒོ་ཕྱེས། དུས་མཚུངས་གཤེན་བསྟན་མཁན་རིན་པོ་ཆེ་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ནས་སློབ་གཉེར་བ་རྣམས་ལ་ཐེག་པ་ཆེན་པོ་ས་ལམ་གྱི་སྐོར་ནས་སློབ་ཁྲིད་དབུ་འཛུགས་གནང་། ས་ལམ་གྱི་དཔེ་ཆ་འདི་ནི་རྗེ་གཅིག་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བཀའ་གཞུང་རྣམས་ལ་འགྲེལ་ཆེན་བཏབ་པའི་གསུང་འབུམ་འཕྲུལ་སྒྲོན་རྣམ་ལྔ་ལས། ས་ལམ་འཕྲུལ་གྱི་སྒྲོན་མེ་རྩ་བ་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་གྱི་རང་འགྲེལ་འཕྲུལ་གྱི་སྒྲོན་མ་ཡིན་ཞིང་དེ་ཉིད་ལ་་ཁྲིད་གཞི་གནང་སྟེ། བདུན་ཕྲག་གསུམ་གྱི་རིང་ཉིན་ལྟར་སྔ་ཕྱི་དྲོར་སློབ་ཁྲིད་གནང་བའི་རྣམ་པ་ནི། གཡུང་དྲུང་སེམས་དཔའི་གཞིའི་ངོ་བོ་ངོས་འཛིན་སྟངས་དང་། བདེན་གཉིས་དང་བདེན་བཞིའི་རྣམ་བཞག་འཇོག་ཚུལ། ས་ལམ་གྱི་རིམ་པ་དང་། སྤང་གཉེན་གྱི་རྣམ་པ། ཡོན་ཏན་གྱི་ཁྱད་པར་དང་། ས་མཚམས་ཀྱི་ཁྱབ་ཚད་བཅས་ལ་རྩོད་དང་རྩོད་སྤོང་གི་ལམ་ནས་དོགས་སློང་དང་དོགས་གཅོད་གནང་བའི་ཚུལ་ཞིག་སྟེ། ནུབ་གླིང་གི་ཁུལ་འདིར་བོན་གྱི་མཚན་ཉིད་རིག་པའི་སློབ་གཉེར་གནང་བའི་ལམ་སྲོལ་གསར་དུ་དབུ་བརྙེས་པ་རྣམ་པ་ཞིག་ཏུའང་ངོས་འཛིན་ཞུ་ཆོག་སྙམ། དུས་བསྟུན་མཁས་དབང་ཆར་སི་རམ་བྷོལ་ Charles Ramble ལགས་ཀྱིས་བདུན་གཅིག་རིང་བོད་ཡིག་སློབ་སྦྱོང་གནང་མཁན་རྣམས་ལ་མདོ་དྲི་མེད་གཟི་བརྗིད་ཀྱི་གཏམ་རྒྱུད་ལེའུ་ཚན་ནས་སློབ་ཁྲིད་བཀའ་དྲིན་བསྐྱངས་པ་དང་། དགེ་བཤེས་བསྟན་འཛིན་སྦྱིན་པ་ལགས་ཀྱིས་བདུན་ཕྲག་གསུམ་རིང་དམིགས་བསལ་འཛིན་གྲྭ་གཉིས་ལ་རེས་མོལ་གྱིས་བོད་ཡིག་བོད་སྐད་སློབ་ཁྲིད་གནང་བ་མ་ཟད། དགེ་སློབ་ཐུན་མོང་ནས་རྒྱུན་ཆགས་སྔར་དགོང་གཉིས་ཀྱི་ཉམས་ལེན་དང་སྦྲགས་སྐབས་འདིའི་སློབ་ཁྲིད་ཀྱི་བཅས་མཚམས་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༢༤ ཉིན།

(སྤྱིའི་གཟིགས་གྲངས། 874 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།