ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་དུ་ཐེངས་གསུམ་པའི་སྒོམ་གྲྭ་དབུ་འཛུགས་ཞུས་པའི་གནས་བསྡུས།

ཕྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༠༥ ཁ་སང་ནི་གཤེན་བསྟན་དར་རྒྱས་གླིང་དུ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་ཁྲིད་རིམ་མ་བུའི་སྐོར་ཁྲིད་གཞི་རུ་གནང་བའི་སྒོམ་གྲྭ་ཐེངས་གསུམ་པ་དབུ་ཚུགས་ཡོད། ད་སྔོན་ཨ་ཁྲིད་དང་། སྙན་རྒྱུད་གཉིས་ཀྱི་ཁྲིད་རིམ་ལྟར་སྒོམ་གྲྭའི་བཅའ་གཞིའི་དུས་བཅད་ལོ་བཞི་རེ་དང་། ལོ་རེར་ཞག་གྲངས་བདུན་ཅུ་ཐམ་པ་རེ་བྱས་པའི་སྒོམ་གྲྭ་ཐེངས་དང་པོ་དང་། གཉིས་པ་གཉིས་ཀར་ཁྱོན་ལོ་ངོ་བརྒྱད་རིང་ཚད་ལྡན་ཉམས་ལེན་གནང་མཁན་དུ་མ་བྱུང་སྟེ། ཁོང་ཚོར་མཐར་ཕྱིན་ངོས་འཛིན་གྱི་དཔང་ཡིག་ཕྱག་ཁྱེར་ཡང་བཀའ་དྲིན་བསྩལ་ཐོབ་བྱུང་ཡོད།

ལོ་ངོ་དེ་དག་གི་དུས་བཅད་ནང་ཉིན་རེའི་དཔེ་ཁྲིད་དང་། ཐུན་བཞིའི་ཉམས་ལེན། སྦྱིན་བཞིའི་ཕྱག་ལེན་བཅས་རེའུ་མིག་ལྟར་བསྒྲུབས་ནས་སྔོན་འགྲོ་དངོས་གཞི་དང་། རྩ་རླུང་མུན་མཚམས་འཕོ་བ་སོགས་ལ་ལུས་སྦྱོང་། ངག་སྦྱོང་། སེམས་སྦྱོང་གསུམ་གྱིས་རྒྱུད་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བ། གྲོལ་བ་མཐར་ཕྱིན་གྱི་ཉམས་ལེན་ལ་བསླབ་སྟེ། དགོངས་མཛོད་རི་ཁྲོད་ཆེན་པོ་དང་། བྲུ་ཆེན་རྒྱལ་བ་གཡུང་དྲུང་གི་ཐུགས་དམ་དང་དགོངས་སྤྱོད་ལ་འཇུག་པའི་སྐལ་བ་ཐོབ་ནི་རང་ངོར་ལྟོས་ཏེ་ཟད་མི་ཤེས་པའི་བསོད་ནམས་དང་དགེ་བའི་ལེགས་ཚོགས་ཤིག་རེད།

ད་ལན་སླར་ཡང་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། མཁན་པོ་དགེ་བཤེས་དགེ་ལེགས་རིན་པོ་ཆེ་རྣམ་གཉིས་གཙོས་འདིར་བཞུགས་བླ་གྲྭ་སྟོན་འཁོར་རྣམས་དབུ་རུ་བཞུགས་ཏེ། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་མ་བུའི་སྐོར་ཁྲིད་གཞི་རུ་བཟུང་ནས་སྒོམ་གྲྭ་ཐེངས་གསུམ་པ་དེ་དངོས་སུ་དབུ་འཛུགས་ཞུས། སྒོམ་གྲྭ་འདི་ནི་གོང་ཞུས་བཞིན་ལོ་ངོ་ཧྲིལ་པོ་བཞི་ཡི་ནང་ལོ་རེར་ཞག་གྲངས་བདུན་ཅུ་ཐམ་པ་རེར་བཅད་རྒྱར་བཞུགས་ནས་ཉམས་ལེན་ལ་བརྩོན་དགོས་པའི་བཅའ་གཞི་ཡིན་པ་ལྟར་༧སྐྱབས་རྗེ་མཁན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་གཞིར་བཟུང་། རྫོགས་པ་ཆེན་པོ་ལྷོ་བྲག་མའི་སྔོན་འགྲོའི་རིམ་པ་དང་བསྟུན་ཏེ་མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེས་སློབ་ཁྲིད་གནང་བཞིན་པ་དང་། སློབ་མ་རྣམས་ཀྱིས་ཀྱང་སྒོ་གསུམ་གྱི་སྤྱོད་ལམ་རྣམས་རྣལ་འབྱོར་ཉམས་ལེན་དང་སྦྲགས་ནས་ཉིན་རེའི་དགེ་སྤྱོད་དུས་ཚོད་རེའུ་མིག་ལྟར་བསྟར་ཆགས་སུ་སྒྲུབ་བཞིན་པའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༠༦ ཉིན།

(སྤྱིའི་གཟིགས་གྲངས། 399 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་བསྟན་…
error: རྩོམ་འདི་བདག་དབང་ཅན་ཡིན།